ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དམག་སྤྱི་ཞིག་བསད།


༄༅།། ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཉིན་༩་པ་དེ་འགྲོ་བཞིན་ཡོད་ཅིང་། བདུན་ཕྲག་འདིའི་མགོ་སྟོད་དེར་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་དམག་སྤྱི་ཨན་ཌི་རེ་སུ་ཀོབ་ཡེ་ཛི་ཀི་དམག་སར་བསད་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མཉམ་འབྲེལ་གསར་ཁང་དང་ཧྥོཀ་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༤༧་ལ་སོན་པའི་དམག་སྤྱི་སུ་ཀོབ་ཡེ་ཛི་ཀིས་དམག་དཔུང་ཁྲིད་ནས་ཡུཀ་རེན་ལ་དཔུང་འཇུག་བྱེད་པའི་སྐབས་སུ་ཡུཀ་རེན་གྱི་ལྐོག་མདའ་འཕེན་མཁན་ཞིག་གིས་མེ་མདའ་བརྒྱབ་ནས་བསད། ༢༠༢༡་ལོར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་སུ་ཀོབ་ཡེ་ཛི་ཀི་སྐམ་དམག་དཔུང་སྡེ་༤༡་པའི་བཀོད་འདོམས་པ་གཞོན་པ་བསྐོས། དམག་སྤྱི་སུ་ཀོབ་ཡེ་ཛི་ཀི་མཁའ་འབབ་དཔུང་སྡེ་༧་པའི་འགོ་ཁྲིད་ཀྱང་ཡིན་ཞིང་། ཁོ་པ་སི་རི་ཡའི་ས་ཐོག་ཏུ་བཏང་ནས་བྱས་རྗེས་བཞག་པར་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱིས་དཔའ་དར་ཐེངས་གཉིས་འཐེན། ཨུ་རུ་སུའི་གཞུང་གིས་ཡོངས་གྲགས་སུ་དམག་སྤྱི་སུ་ཀོབ་ཡེ་ཛི་ཀིར་སྲོག་སྐྱོན་ཕོག་པ་ཁྱབ་བསྒྲགས་བྱེད་ཀྱི་མེད་ཀྱང་སང་ཉིན་གཟའ་སྤེན་པར་དམག་སྤྱི་འདས་པོ་དེར་དུར་འཇུག་མཛད་སྒོ་འཚོགས་ཀྱི་ཡོད་པའི་གནས་ཚུལ་ཐོན། ཁ་སང་གཟའ་ཕུར་བུའི་ཉིན་ཡུཀ་རེན་གྱི་རྨང་གཞིའི་འཛུགས་སྐྲུན་བློན་ཆེན་ཟུར་པ་ཨོ་མེ་ལི་ཡན་གྱིས་ཨ་རིའི་ཧྥོཀ་སི་གསར་འགྱུར་ལས་ཁང་ལ་ང་ཚོས་ཨུ་རུ་སུའི་སྤྱི་དམག་སུ་ཀོབ་ཡེ་ཛི་ཀི་བསད་པ་ཡིན་ཞེས་བཤད། ཡུཀ་རེན་གྱི་བློན་ཆེན་ཟུར་པ་དེ་དེང་སྐབས་དམག་ཁོངས་སུ་ཞུགས་ནས་རྒྱལ་ས་ཀིབ་གྲོང་ཁྱེར་སྲུང་སྐྱོབ་ཀྱི་འཐབ་འཁྲུག་ལ་ཞུགས། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་འཕྲལ་དུ་ཨུ་རུ་སུའི་དམག་སྤྱི་དེར་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན་པ་ངོ་མོ་ཡིན་མིན་ངེས་གཏན་བྱེད་ཐུབ་ཀྱི་མེད་པ་རེད།།

ཨུ་རུ་སུའི་སྤྱི་ཚོགས་དྲྭ་ལམ་ཁག་དང་པ་རཱབ་ཌ་དབྱིན་ཡིག་གི་དྲྭ་ཚིགས་སུ་ང་ཚོས་དམག་སྤྱིའི་དམ་པ་སུ་ཀོབ་ཡེ་ཛི་ཀིའི་ཤུལ་ལུས་བཟའ་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་སེམས་གསོ་ཞུ་ཡི་ཡོད། ང་ཚོས་སྐྱོ་གདུང་དྲག་པོས་དམག་སྤྱི་ཨན་ཌི་རེ་སུ་ཀོབ་ཡེ་ཛི་ཀི་དམིགས་བསལ་གྱི་དམག་འཐབ་ཅིག་གི་སྐབས་དེར་ཡུཀ་རེན་གྱི་ས་ཐོག་ཏུ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཤེས་རྟོགས་བྱུང་སོང་ཞེས་ཨུ་རུ་སུའི་དམག་དོན་མཐུན་ཚོགས་ཀྱི་ཚོགས་མི་སར་གྷེ་ཆི་ཕི་ལཱེབ་ཟེར་བ་ཞིག་གིས་དྲྭ་ལམ་དུ་མྱ་ངན་གྱི་འཕྲིན་ཐུང་ཞིག་སྤེལ་འདུག ཨ་རིའི་དབུས་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་ཌན་ཧོབ་མན་གྱིས་ཨུ་རུ་སུའི་དམག་སྤྱི་སུ་ཀོབ་ཡེ་ཛི་ཀི་བསད་པ་རེད་ཟེར་བ་བདེན་པ་ཡིན་ན་ཕུ་ཊིན་ལ་ཕམ་ཉེས་ཆེན་པོ་ཞིག་རེད་ཅེས་བཀྲལ། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ལ་དམག་རྒྱག་གི་ཡོད་པ་ནི་དམིགས་བསལ་གྱི་དམག་འཐབ་ཅིག་ཡིན་ཞེས་བཙན་འཛུལ་བྱེད་ཀྱི་ཡོད་པར་ངོས་ལེན་བྱེད་ཀྱི་མེད་པར་མ་ཟད། དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ཡུཀ་རེན་གྱི་འགོ་ཁྲིད་ཚོ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྒྱུག་ཁྱི་རེད། ཁོ་ཚོ་རྩ་མེད་བཏང་ནས་ཡུཀ་རེན་ལ་ཨུ་རུ་སུའི་ཕྱོགས་གཏོགས་སྲིད་གཞུང་གསར་པ་ཞིག་འཛུལ་རྒྱུ་ཡིན་ཞེས་བསྒྲགས། བདུན་ཕྲག་སྔོན་མའི་གཟའ་ཕུར་བུ་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་ཤར་ལྷོ་བྱང་གསུམ་ནས་དམག་དྲངས་ཏེ་བཙན་འཛུལ་བྱ་རྒྱུ་མགོ་བརྩམས། ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གིས་ཡུཀ་རེན་གྱི་དམག་སྒར་ཁག་དང་མཚོན་ཆའི་མཛོད་ཁང་། ཡུཀ་རེན་གྱི་གཞུང་གི་ལས་ཁུངས་ཁག་དང་མི་དམངས་དཀྱུས་མ་གནས་སྡོད་བྱ་ཡུལ་གྱི་གྲོང་གླིང་ཁག སློབ་གྲྭ་དང་བྱིས་པའི་སྨན་ཁང་བཅས་ལ་དབྱེ་བ་མེད་པར་གཏོར་རྒོལ་བྱས་ནས་ཡུཀ་རེན་གྱི་མི་མང་སྟོང་ཕྲག་འགའ་ཞིག་ལ་འཆི་སྐྱོན་དང་མི་གྲངས་ས་ཡ་གཅིག་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྐྱབས་བཅོལ་དུ་འབྲོ་དགོས་བྱུང་འདུག

ཁ་སང་གཟའ་ཕུར་བུའི་ཞོགས་པར་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་དམག་མི་༤༩༨་ལ་སྲོག་སྐྱོན་ཕོག་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཡུཀ་རེན་གྱི་ས་ཐོག་ཏུ་རླངས་འཁོར་དང་ལྕགས་ཁྲབ་འཁོར་ལོ་སོགས་ཀྱི་སྣུམ་རྫོགས་ཏེ་གྲང་ངར་ཁྲོད་དུ་ལུས་ཡོད་པའི་ཨུ་རུ་སུའི་དམག་མི་ཁག་ཅིག་གིས་ང་ཚོར་བདག་པོ་མེད་དང་བཟའ་བཏུང་ཚ་པོ་ཞིག་མ་རག་པར་ཉི་མ་འགའ་ཞིག་ཕྱིན་སོང་། དམག་མི་སྲོག་སྐྱོན་བྱུང་བ་དེ་དག་གི་ཕུང་པོར་ཡང་བདག་པོ་རྒྱག་མཁན་མི་འདུག་ཅེས་དྲྭ་ལམ་དུ་བརྙན་ཐུང་བཀྲམ། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་མི་༩༠༠༠་ཙམ་ལ་སྲོག་སྐྱོན་ཕོག་འདུག་ཅེས་བཤད་ཀྱང་ཡུཀ་རེན་གྱི་གཞུང་དམག་ཅི་ཙམ་ལ་སྲོག་སྐྱོན་ཕོག་ཡོད་མེད་གསལ་བསྒྲགས་མ་སྤེལ། ཨུ་རུ་སུའི་དམག་དཔུང་གི་འཐབ་འཁྲུག་ནུས་པ་བརྒྱ་ཆ་༨༠་ལྷག་ཡུཀ་རེན་གྱི་ཐོག་ཏུ་བཀོལ་ནས་དམག་འཁྲུག་རྒྱག་གི་ཡོད་ཀྱང་རྒྱལ་ས་ཀིབ་གྲོང་ཁྱེར་བདེ་བླག་ཏུ་ལེན་མ་ཐུབ། ཐོག་མར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དུས་ཆུ་༤༨་ཀྱི་ནང་ཚུད་དུ་ཡུཀ་རེན་རྒྱལ་ཡོངས་དབང་དུ་བསྡུ་ཐུབ་རྒྱུ་དང་ཡུཀ་རེན་མི་དམངས་ཀྱིས་ཨུ་རུ་སུའི་དམག་ལ་དགའ་བསུ་ཞུ་རྒྱུའི་རྩིས་བརྒྱབ། ད་ལྟ་དངོས་སུ་བཙན་འཛུལ་བྱས་པའི་སྐབས་སུ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལས་སླ་པོར་ལེན་མ་ཐུབ་པ་དང་མི་མང་རྒན་གཞོན་བར་གསུམ་དང་ཕོ་མ་གཉིས་ཀས་རང་སྲོག་བློས་བཏང་ནས་ཨུ་རུ་སུའི་བཙན་འཛུལ་དམག་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་ནི་སྲིད་འཛིན་ཕུ་ཊིན་གྱི་ཚོད་དཔག་མ་ཐུབ་པ་ཞིག་རེད་ཅེས་ཉམས་ཞིབ་པ་ཚང་མ་ཁ་གཅིག་གྲག་ཡིན་ཞིང་། ཨུ་སུ་སུའི་དཔུང་ཆེན་ཞིག་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་གྱི་ཕྱི་ལོགས་སུ་འགགས་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན། ཨ་མི་རི་ཀའི་དམག་དོན་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལེན་ཐུབ་ཀྱང་རྒྱལ་ཁབ་དེ་འཛིན་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བསྟན།།

ཕྱི་ཟླ་༣་པའི་ཚེས་༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་རྡུལ་ཕྲན་གློག་ཁང་ཆེ་ཤོས་དེར་ཨུ་རུ་སུའི་དམག་གིས་གཏོར་རྒོལ་བྱས་ནས་མི་འབར་གྱི་ཡོད་པ་གཟའ་པ་སངས་ཉིན་གསོད་ཐུབ་འདུག ད་ལྟ་ཡུ་རོབ་གླིང་གི་རྡུལ་ཕྲན་གློག་ཁང་ཆེ་ཤོས་དེ་ཨུ་རུ་སུའི་དམག་གིས་བླངས་ཡོད་པ་དང་རྡུལ་ཕྲན་གློག་ཁང་དེར་དཔུང་འཇུག་བྱེད་པའི་སྐབས་སུ་འཛམ་གླིང་ཡོངས་ལ་རྡུལ་ཕྲན་དུག་རླངས་ཁྱབ་སྲིད་པའི་འཇིགས་སྣང་ཆེན་པོ་བྱུང་། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་རྡུལ་ཕྲན་གློག་ཁག་དེར་སྐྱོན་མེད། ཡུཀ་རེན་གྱི་གཏོར་བཅོམ་དམག་གིས་ཚུར་རྒོལ་བྱས་ནས་རྡུལ་ཕྲན་གློག་ཁང་དེར་མེ་འབར་བ་རེད། ད་ལྟ་ཨུ་རུ་སུའི་དམག་གིས་རྡུལ་ཕྲན་གློག་ཁང་དེར་སྟངས་འཛིན་བྱེད་ཡོད་པས་སྐྲག་མི་དགོས་ཞེས་གསལ་བསྒྲགས་སྤེལ། ཨ་མི་རི་ཀའི་ནུས་ཤུགས་ལྷན་ཁང་གི་དྲུང་ཆེ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱི་རྡུལ་ཕྲན་གློག་ཁང་དེ་ནས་རྡུལ་ཕྲན་གྱི་དུག་རླབས་ཕྱི་ལ་ཁྱབ་ཀྱི་ཡོད་པའི་རྟགས་མཚན་མི་འདུག་ཅེས་བཤད། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཡུ་རོབ་པ་རྣམས་གཉིད་སད་དགོས། ཡུ་རོབ་པ་ཚོས་རང་གི་འགོ་ཁྲིད་ཚོར་ཨུ་རུ་སུའི་དམག་གིས་ཡུ་རེན་གྱི་རྡུལ་ཕྲན་གློག་ཁང་ཞིག་ལ་དཔུང་འཇུག་བྱེད་ཀྱི་ཡོད་པ་འགོག་ཐབས་བྱ་དགོས། ཡུ་རོབ་པ་ཚོས་རང་རང་གི་འགོ་ཁྲིད་ཚོར་དམག་འཁྲུག་འགོག་དགོས་པའི་སྐུལ་ལྕག་ཐོངས། ཨུ་རུ་སུའི་མི་དམངས་ཀྱིས་ཀྱང་དམག་འཁྲུག་ལ་ངོ་རྒོལ་བྱ་དགོས་ཞེས་འབོད་སྐུལ་ཞུས། ཁ་སང་གཟའ་ཕུར་བུའི་ཉིན་ཨུ་རུ་སུ་དང་ཡུཀ་རེན་གྱི་སྐུ་ཚབ་ཚོས་གྲོས་མོལ་ཐེངས་གཉིས་པ་བྱས་ཏེ་མི་དམངས་ལ་བཟའ་བཅའ་དང་སྨན་སོགས་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུ། ཡུཀ་རེན་གྱི་མི་དམངས་རྣམས་བྲོས་བྱོལ་དུ་འགྲོ་ན་འབྲོ་ལམ་སྟེར་རྒྱུའི་གྲོས་མཐུན་བྱུང་རུང་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་མེད་པ་རེད།།

དེ་རིང་གཟའ་པ་སངས་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱི་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་རྣམས་སྔ་མོ་ནས་བཙོན་དུ་བཅུག་པ་དང་ཕྱི་རྒྱལ་ལ་རྒྱང་ཕུད་བཏང་སྟེ་རྒྱལ་ནང་དུ་ནུས་པ་མ་ཐོན། ཕྱི་ཟླ་༢་པའི་ཚེས་༢༤་ནས་ཨུ་རུ་སུའི་གཞུང་གིས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་མོད། འོན་ཀྱང་ཨུ་རུ་སུ་རྒྱལ་ཡོངས་སུ་མི་མང་གིས་ཉིན་ལྟར་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ། ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། ཨུ་རུ་སུའི་གཞུང་གིས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མི་མང་སྟོང་ཕྲག་འགའ་ཞིག་འཛིན་བཟུང་བྱས་ཤིང་། ཕྱི་ཟླ་༣་པའི་ཚེས་༣་ནས་ཨུ་རུ་སུའི་གཞུང་གིས་སྒེར་གྱི་གསར་འགྱུར་ལས་ཁང་ཉུང་ཤས་ཤིག་ཡོད་པ་རྣམས་ཀྱང་སྒོ་བརྒྱབ། གཟའ་པ་སངས་ཉིན་ཨུ་རུ་སུའི་གྲོས་ཚོགས་འོག་མས་གསར་འགྱུར་རྫུན་མ་སྤེལ་མཁན་དང་དཀྲོག་གཏམ་སྒྲོགས་མཁན་ཚོར་ལོ་མང་གི་བཙན་འཇུག་ཁྲིམས་ཐག་གཅོད་ཆོག་ཅེས་ཁྲིམས་གཞི་ཞིག་བཏོན། དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཨུ་རུ་སུའི་བུད་མེད་ཨུ་སི་མ་ནོ་ཝ་ཞེས་པ་ཞིག་གིས་སྲིད་འཛིན་ཕུ་ཊིན་གྱིས་དམག་འཁྲུག་རྒྱག་དགོས་པའི་བཀའ་བཏང་བ་རེད། ང་ཚོས་དམག་འཁྲུག་རྒྱག་དགོས་ཞེས་འོས་ཤོག་འཕངས་མེད། ཨུ་རུ་སུའི་མི་དམངས་ལ་བཟོད་གསོལ་གནང་རོགས་ཞུ། ཨུ་རུ་སུའི་དམག་དང་ཡུཀ་རེན་གྱི་མི་དམངས་རྣམས་གདོང་ཐུག་འབྱུང་རྒྱུ་ཟློག་ཐབས་མེད་པ་ནི་ཧ་ཅང་གི་ཐབས་རྡུགས་ཤིག་རེད་ཅེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་གིས་ང་ཚོ་ཨུ་རུ་སུའི་མི་དམངས་རྣམས་ཕུ་ཊིན་གྱི་དམག་འཁྲུག་ལ་འཐད་པ་མེད། ང་ཚོས་དམག་འཁྲུག་འདིར་རྒྱབ་སྐྱོར་བྱེད་ཀྱི་མེད། ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ལ་དམག་རྒྱག་གི་ཡོད་པ་ནི་ངོ་ཚོ་དགོས་པ་ཞིག་རེད་ཅེས་ངོ་དེབ་ནང་དུ་འཕྲིན་ཐུང་སྤེལ་ནས་ངོ་རྒོལ་བྱས་འདུག

XS
SM
MD
LG