ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

ཡུཀ་རེན་གྱི་སྲིད་འཛིན་གྱིས་རྒྱལ་ཡོངས་ལ་གཏམ་བཤད།


༄༅།། ཕྱི་ཟླ་༣་པའི་ཚེས་༣་སྟེ། དེ་རིང་རེས་གཟའ་ཕུར་བུ་ནི་ཨུ་རུ་སུའི་དམག་གིས་ཁྱིམ་མཚས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བདུན་ཕྲག་གཅིག་འཁོར་བའི་དུས་ཚོད་ཡིན་ཞིང་། སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཡོངས་མི་དམངས་ལ་གཏམ་བཤད་བྱས་ནས་ཡུཀ་རེན་མི་དམངས་ཀྱི་སྙིང་སྟོབས་ཞུམ་མེད། ང་ཚོ་ནི་དུས་ཡུན་བདུན་ཕྲག་གཅིག་གི་ནང་དུ་དགྲ་བོའི་འཆར་གཞི་རྣམས་འཁྲུག་ཏུ་འཇུག་ཐུབ་པའི་མི་རིགས་ཤིག་ཡིན། ཁོ་ཚོར་ཡུཀ་རེན་གྱི་ས་ཐོག་ཏུ་ནམ་ཡང་ཞི་བདེ་འཐོབ་མི་སྲིད། ཁོ་ཚོས་ཡུཀ་རེན་གྱི་ས་ཐོག་ཏུ་བཟའ་བཏུང་རྙེད་མི་སྲིད། ཁོ་ཚོ་ནམ་ཡང་ཞི་བདེ་བག་ཕེབས་སུ་གནས་མི་ཐུབ་ཅེས་གཏམ་བཤད་བྱས་འདུག དེ་རིང་གི་ཨ་རི་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ལྷག་པ་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཞི་བའི་མི་མང་དཀྱུས་མ་གནས་སྡོད་ས་ཁུལ་ཁག་ཏུ་དྲག་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་མི་གསོད་ཁྲག་སྦྱོར་དང་གཏོར་བཤིག་ཚབས་ཆེན། ཡུཀ་རེན་གྱི་མི་མང་དཀྱུས་མ་རྣམས་དམག་ཁོངས་སུ་ཞུགས་པའམ། ཡང་ན་མཚོན་ཆ་ཐོགས་ནས་ཨུ་རུ་སུའི་བཙན་འཛུལ་དམག་ལ་འཐབ་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། སྲིད་འཛིན་ཛེ་ལན་སི་ཀིས་ད་ལྟའི་གཉེན་འཕྲང་གི་སྐབས་འདིར་ཡུཀ་རེན་གཞུང་དམངས་གཉིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་འགྲིལ་ཡོད། ང་ཚོ་ནི་ཕན་ཚུན་བཟོད་གསོལ་བྱེད་པ་དང་བརྩེ་བ་སྒོམ་པ། གཅིག་ཕན་གཅིག་གྲོགས་དང་ཕན་ཚུན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་པའི་མི་རིགས་ཤིག་ལ་གྱུར་ཡོད་ཅེས་མི་དམངས་ཀྱི་སྙིང་སྟོབས་དང་སེམས་ཤུགས་ལ་བསྔགས་བརྗོད་ཞུས། ཨུ་རུ་སུའི་བཙན་འཛུལ་བྱུང་ནས་བདུན་ཕྲག་གཅིག་གི་རྗེས་སུའང་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཡོངས་མི་དམངས་ལ་བརྙན་ཐུང་བརྒྱུད་ནས་གཏམ་བཤད་བྱས་ཐུབ་ཡོད་པ་རེད།།

ཁ་སང་གཟའ་ལྷག་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་ཚོགས་འཐུས་རྒྱལ་ཁབ་༡༩༣་ཡོད་པ་རྣམས་ཛ་དྲག་གི་ཚོགས་འདུ་ཚོགས། རྒྱལ་ཁབ་༡༤༡་གིས་ཨུ་རུ་སུའི་བཙན་འཛུལ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་འོས་ཤོག་འཕངས། བྷེ་ལོ་རུ་སི་དང་བྱང་ཀོ་རི་ཡ། སི་རི་ཡ་དང་ཨི་རི་ཊེ་རི་ཡ་བཅས་རྒྱལ་ཁབ་བཞིས་ཨུ་རུ་སུ་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། རྒྱ་ནག་དང་ཀུ་པ། ཝེ་ནེ་ཛུ་ལ་སོགས་རྒྱལ་ཁབ་༣༥་ཡིས་ཨུ་རུ་སུ་ལ་རྒྱབ་སྐྱོར་དང་ངོ་རྒོལ་གྱི་འོས་ཤོག་གང་ཡང་མ་འཕངས་པར་ཟུར་དུ་བསྡད། དེ་བཞིན་ཁ་སང་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་འཁྲུག་གི་བྱས་ཉེས་བསགས་ཡོད་མེད་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་མི་འབོར་འབུམ་༣་ལྷག་ཡོད་པའི་ཁར་སན་གྲོང་ཁྱེར་ལེན་ཐུབ་ཡོད་པའི་གནས་ཚུལ་ཐོན། ཁར་སན་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ཀྱང་ས་གནས་དེར་ཡུཀ་རེན་གྱི་གཞུང་དམག་མེད་ཅེས་བཤད་མོད། འོན་ཀྱང་སྲིད་འཛིན་ཛེ་ལན་སི་ཀིས་ཁར་སན་གྲོང་ཁྱེར་གྱི་ཡུལ་མི་ཚོས་ཨུ་རུ་སུའི་དམག་ལ་འགོག་རྒོལ་དྲག་པོ་བྱས་ནས་གྲོང་ཁྱེར་ཆ་ཚང་ཤོར་མེད་ཅེས་གནས་ཚུལ་ཐ་དད་ཅིག་བསྒྲགས། ཉི་མ་འགའ་ཞིག་གི་སྔོན་ནས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ཕྱི་ལོགས་སུ་ཨུ་རུ་སུའི་དམག་གི་རླངས་འཁོར་དབྱིན་ལེ་༤༠་ལྷག་གི་རིང་ཚད་དུ་སྒྲིག་ཡོད་པ་དེར་འགོག་རྒོལ་དྲག་པོ་བྱས་ནས་རྒྱལ་ས་ལེན་མ་ཐུབ་པར་ལུས། ཡུཀ་རེན་གྱི་བྱང་ཤར་ས་ཁུལ་གྱི་ཁར་ཀིབ་གྲོང་ཁྱེར་ལ་ཨུ་རུ་སུའི་དམག་གིས་རྒོལ་རྡུང་དྲག་པོ་བྱས་ནས་གཏོར་བཤིག་ཚབས་ཆེན་ཐེབས། ཨུ་རུ་སུའི་འཕུར་མདེལ་ཞིག་ས་གནས་དེའི་ཉེན་རྟོག་སྤྱི་ཁྱབ་ཁང་ལ་ཕོག་ནས་མི་༤་བསད་པ་དང་མི་བཅུ་ཕྲག་མང་པོར་རྨོས་སྐྱོན་ཕོག གྲོང་ཁྱེར་དེར་མི་འབོར་ས་༡་དང་ཕྱེད་ཀ་ཡོད་པ་དེ་དག་ལ་བཟའ་བཏུང་དང་སྨན། ལྕག་ཐབ་དང་འབུད་ཤིང་། གྱོན་གོས་སོགས་བགོ་འགྲེམ་བྱས་ནས་དགུན་གྱི་གྲང་ངར་ཁྲོད་དུ་མི་མང་གི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་ཨ་རི་ཞེས་པའི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁར་ཀིབ་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་ཨུ་རུ་སུའི་དམག་གིས་གཏོར་རྒོལ་དྲག་པོ་བྱས་ནས་ཡུཀ་རེན་གྱི་མི་དམངས་རྣམས་དཔའ་ཞུམ་དུ་འཇུག་ཐབས་བྱེད་ཀྱི་འདུག ཡིན་ནའང་ང་ཚོས་སྔར་བཞིན་རང་ས་བཟུང་ཡོད་ཅེས་ཡུཀ་རེན་གྱི་བརྙན་འཕྲིན་ནང་དུ་གསལ་བསྒྲགས་སྤེལ། དེ་བཞིན་ཡུཀ་རེན་གྱི་ལྷོ་ཤར་ས་ཁུལ་དུ་ཆགས་པའི་མེ་ལི་ཊོ་ཕོལ་གྲོང་ཁྱེར་དུ་མི་འབོར་འབུམ་༡་དང་ཕྱེད་ཀ་ཡོད་པའི་གྲོང་ཁྱེར་དེའི་གྲོང་མི་ཚོས་རྒྱ་ལམ་བཀག་སྡེ་ཨུ་རུ་སུའི་བཙན་དམག་དཔུང་མདུན་སྐྱོད་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན། བདུན་ཕྲག་སྔོན་མའི་གཟའ་ཕུར་བུ་ནས་ཁ་སང་གཟའ་ལྷག་པའི་བར་དུ་ཡུཀ་རེན་གྱི་མི་གྲངས་ས་ཡ་༡་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་དང་བྲོས་བྱོལ་དུ་ཕྱིན་པ་དེ་དག་གིས་ཡུཀ་རེན་གྱི་མི་འབོར་བརྒྱ་ཆ་༢་ཟིན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་བདུན་ཕྲག་གཅིག་གི་ནང་དུ་ཨུ་རུ་སུའི་དམག་མི་༦༠༠༠་ལྷག་ལ་སྲོག་སྐྱོན་ཕོག་ཡོད་ཅེས་བསྒྲགས། ནུབ་ཕྱོགས་ཀྱི་གསང་བའི་ལས་ཁང་ཁག་གིས་བདུན་ཕྲག་གཅིག་གི་རིང་དུ་ཨུ་རུ་སུའི་དམག་མི་༥༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་པའམ། ཡང་ན་ཡུཀ་རེན་གྱིས་འཛིན་བཟུང་བྱས་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དམག་མི་༥༠༠་ཡས་མས་ཤིག་ལ་མ་གཏོགས་སྲོག་སྐྱོན་ཕོག་མེད་ཅེས་གནས་ཚུལ་ཐ་དད་ཅིག་སྤེལ། ད་ལྟའི་བར་དུ་ཡུཀ་རེན་གྱི་མི་མང་དཀྱུས་མི་༢༠༠༠་ལྷག་ལ་སྲོག་སྐྱོན་ཕོག་པ་དེ་དག་གི་གྲས་སུ་བྱིས་པ་མང་དག་ཅིག་ཚུད། ཡུཀ་རེན་གྱི་གཞུང་དམག་ཅི་ཙམ་ལ་སྲོག་སྐྱོན་ཕོག་ཡོད་མེད་ཀྱི་གནས་ཚུལ་ཕྱིར་བསྒྲགས་མ་བྱུང་།།

མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་མོལ་དྷོ་ཝ་དང་ཕཱོ་ལན་ཌི། ལུ་ཐུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་བཅས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ལ་༥་ལ་འཚམས་འདྲིར་ཕེབས་རྒྱུ་དང་དེའི་སྔོན་དུ་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་འབབ་སྡོད་བྱས་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་ལ་ཐུག་འཕྲད་བྱེད་ཀྱི་ཡོད་ཅིང་། གཟའ་ལྷག་པའི་ཉིན་སུད་ཌེན་གྱི་དམག་གིས་རང་གི་མཁའ་དབྱིངས་མངའ་ཁོངས་སུ་ཨུ་རུ་སུའི་དམག་འཐབ་གནམ་གྲུ་༤་དཔུང་འཛུལ་བྱས་སོང་ཞེས་བཤད། ཨུ་རུ་སུའི་དམག་གིས་ཡུཀ་རེན་མ་ཡིན་པའི་ཁྱིམ་མཚེས་རྒྱལ་ཁབ་གཞན་ཁག་ལའང་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་བཟུང་སྟེ་རྡོ་སྣུམ་གྱི་རིན་གོང་འཕར་ནས་རྡོ་སྣུམ་ལྕགས་ཟོམ་རེར་ཨ་སྒོར་༡༠༠་འཕར། འཛམ་གླིང་རྒྱལ་ཁབ་༣༨་ཀྱིས་༢༠༡༣་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་གི་བྱས་ཉེས་བསགས་ཡོད་མེད་ཞིབ་འཇུག་བྱ་དགོས་ཞེས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གཏུགས། ད་ལྟ་དབྱིན་ཇི་གཙོས་རྒྱལ་ཁབ་མང་དག་ཅིག་གི་རྒྱབ་གཉེར་ཐོབ་པས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་སྦྱོར་བ་ཁ་རིམ་ཁན་གྱིས་ཁྲིམས་ཁང་གི་བཀའ་འཁྲོལ་མེད་པར་ཞིབ་འཇུག་མགོ་འཛུགས་ཆོག་གི་ཡོད་འདུག དབྱིན་གཞུང་གི་གསལ་བསྒྲགས་དེར་ཨུ་རུ་སུའི་དམག་གིས་མི་ལ་དབྱེ་འབྱེད་མེད་པར་གཏོར་རྒོལ་བྱེད་ཀྱི་ཡོད་པ་དང་དམག་འཁྲུག་གི་བྱས་ཉེས་གསོག་གི་ཡོད་པ་རེད། དེར་བརྟེན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་བྱས་ཉེས་དེའི་འགན་འཁུར་དགོས། ཨུ་རུ་སུའི་ཀླ་ཀློའི་སྤྱོད་པ་དེར་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ངེས་པར་དུ་ཞིབ་འཇུག་བྱ་དགོས་པ་དང་ལན་ཁག་ཡོད་པ་རྣམས་ཁྲིམས་ལ་སྦྱོར་དགོས་ཞེས་བཀོད།།

ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་རྒྱབ་སྐྱོར་བ་ཕྱུག་བདག་ཚོའི་རྒྱུ་དངོས་རྣམས་འགོག་ཉར་བྱ་རྒྱུའི་ཐག་བཅད། སྲིད་འདིན་བྷ་ཌན་གྱིས་རྒྱལ་དོན་སྲི་ཞུ་སྙན་སྒྲོན་སྐབས་སུ་ཨ་མི་རི་ཀའི་ས་ཐོག་ཏུ་ཨུ་རུ་སུའི་ཕྱུག་བདག་ཚོར་རྒྱུ་དངོས་ཅི་ཞིག་ཡོད་པ་དང་ཚོང་ལས་ཅི་ཞིག་གཉེར་གྱི་ཡོད་མེད་ཞིབ་འཇུག་དགོས། ང་ཚོ་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ལ་མཉམ་འབྲེལ་བྱས་ནས་ཨུ་རུ་སུའི་ཕྱུག་བདག་དེ་དག་གི་ཨ་སྒོར་ས་ཡ་མང་པོའི་སྒེར་གྲུ་དང་གནམ་གྲུ། རྒྱས་སྤྲོས་ཀྱི་ཁང་པ། ཁོ་ཚོས་ཁྲིམས་འགལ་གྱི་ནག་ཚོང་བརྒྱབ་ནས་གསོག་སྒྲུབ་བྱས་པའི་དངུལ་སྒོར་རྣམས་གཞུང་བཞེས་གཏོང་དགོས་ཞེས་བཀའ་ཕབ། ཨ་མི་རི་ཀས་བྷེ་ལོ་རུ་སི་ལའང་ཕྱིར་ཚོང་བཀག་སྡོམ་གྱི་ཉེས་ཆད་སྣ་མང་ཞིག་གཅོད་རྒྱུ་ཡིན། ད་དུང་ཨུ་རུ་སུའི་རྒྱལ་སྲུང་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་༢༢་ལ་གློག་ཆས་ཕྱིར་ཚོང་བྱ་རྒྱུ་མིན་ཞེས་སླར་ཡང་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་ཁག་ཅིག་བཀལ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མུ་མཐུད་དུ་མཚོན་ཆ་དང་དེ་མིན་གྱི་དམག་འཁྲུག་གི་མཁོ་ཆས་རྣམས་སྐྱེལ་འདྲེན་བྱ་རྒྱུ་མཚམས་མ་ཆད། ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དམག་གི་དཔུང་སྡེ་ཁག་གིས་མཉམ་འབྲེལ་རྒོལ་རྡུང་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ཀྱི་མེད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཧང་སང་། ཡུཀ་རེན་གྱིས་འཛིན་བཟུང་བྱས་པའི་ཨུ་རུ་སུའི་དམག་མི་མང་དག་ཅིག་གིས་ང་ཚོ་དམག་སྦྱོང་ལ་འགྲོ་དགོས་ཞེས་རྫུན་བཤད་ནས་མགོ་སྐོར་བཏང་སོང་། ཡུཀ་རེན་ལ་དམག་རྒྱག་རྒྱུ་ཡིན་པ་ཤེས་མེད། ང་ཚོ་དམག་སྦྱོང་བྱེད་དུ་ཡོང་གི་ཡོད་ཤག་ཡིན་ཞེས་བཤད། ཡུཀ་རེན་གྱི་མི་མང་ཁག་ཅིག་གིས་ཨུ་རུ་སུའི་བཟུང་དམག་ཚོར་ཇ་ཚ་པོ་དང་བག་ལེབ་སྤྲད། ཀམ་པ་ལི་དྲོན་པོ་གཡོགས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པའི་འདྲ་པར་དང་བརྙན་ཐུང་རྣམས་གསར་འགྱུར་ལས་ཁང་ཁག་གིས་སྤེལ་འདུག

XS
SM
MD
LG