ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དབྱིན་ཇིའི་གཞུང་གིས་ཞིན་ཅང་ནས་དངོས་ཟོག་ནང་འདྲེན་བྱ་རྒྱུ་འགོག་འཆར། 


དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ།
དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ།

༄༅།། ད་ལྟའི་བར་དུ་ཨ་མི་རི་ཀ་གཅིག་པུས་རང་གི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་ཅེས་བཀག་སྡོམ་བྱས་ཤིང་། ད་ལྟ་དབྱིན་ཇིའི་གཞུང་གིས་ཀྱང་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་དངོས་ཟོག་དང་ཐོན་སྐྱེད་རྣམས་དབྱིན་ཡུལ་ལ་ནང་འདྲེན་བྱེད་མི་ཆོག དངོས་ཟོག་གི་འབྱུང་ཁུངས་གསལ་སྟོན་མི་བྱེད་པར་སྦ་གསང་བྱེད་མཁན་བཟོ་ཚོང་ལས་ཁང་ཁག་ལ་དབྱིན་གཞུང་གིས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བསྒྲགས། ཉེ་དུས་ཤིག་ནས་དབྱིན་ཇིའི་གཞུང་གིས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་༢་ཡས་མས་ཤིག་ངལ་རྩོལ་བཙོན་སྒར་ཁག་ཏུ་བཀག་ཉར་བྱེད་ཡོད་པར་སྐྱོན་བརྗོད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་ཕྱིར་བསྡུ་བྱས་ནས་དམངས་གཙོ་དོན་གཉེར་བ་འཛིན་བཟུང་དང་བཙོན་འཇུག རྒྱང་ཕུད་གཏོང་གི་ཡོད་པ་བཅས་ལ་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་རེད།།

ཕྱི་ཟླ་དང་པོའི་ཚེས་༡༢་ཉིན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་འདུག ང་ཚོས་དབྱིན་ཇིའི་སྤྱི་དམངས་རྣམས་དང་ཚོང་ལས་ཀྱི་སྒྲིག་འཛུགས་ཁག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་ངན་འབྲེལ་མི་འབྱུང་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། དེས་ན་རྒྱ་ནག་གིས་ཞན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་དངོས་ཟོག་རྣམས་དབྱིན་ཡུལ་ལ་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད། དབྱིན་ཇིའི་གཞུང་གིས་རང་གི་དངོས་ཟོག་དང་ཐོན་སྐྱེད་ཁག་ཅིག་རྒྱ་ནག་ལ་ཕྱིར་ཚོང་བྱེད་མི་ཆོག་པའི་ལམ་སྟོན་གསར་པ་ཞིག་འགྲེམ་སྤེལ་བྱ་རྒྱུ་ཡིན། རྒྱ་ནག་གིས་དབྱིན་ཡུལ་ནས་ནང་འདྲེན་བྱས་པའི་ཅ་ལག་ཁག་ཅིག་ཞིན་ཅང་གི་ཡུ་གུར་བ་ཚོར་གནོན་སྡོམ་དང་དམ་དྲག་བྱེད་པའི་ཆེད་དུ་བཀོལ་སྤྱོད་གཏོང་གི་འདུག ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བར་རྒྱ་ནག་གཞུང་ལ་མཉམ་འབྲེལ་བྱེད་མཁན་དབྱིན་ཇིའི་བཟོ་ཚོང་ལས་ཁང་ཁག་ལ་ཉེས་ཆད་འཕོག་རྒྱུ་ཡིན་པས་གཟབ་ནན་བྱེད་ན་ལེགས་ཞེས་བཤད།།

རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་རྣམས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱེད་པའི་ཆེད་དུ་ཡིན། ཨ་རིའི་ཕྱི་སྲིད་ལྷན་ཁང་སོགས་ཀྱི་བཀག་ཉར་ཁང་རེད་ཟེར་བ་དེ་རྣམས་ལག་ཤེས་སློབ་གྲྭ་དང་སྐད་ཡིག་སློབ་གྲྭ་ཡིན། ཡུ་གུར་བ་དེ་དག་ལ་རྒྱ་ནག་གི་ཁྲིམས་ལུགས་སློབ་སྦྱོང་སྤྲོད་ཀྱི་ཡོད། ལག་ཤེས་སློབ་གྲྭར་ཞུགས་པའི་ཡུ་གུར་བ་རྣམས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཤུགས་ངན་པ་ཐེབས་ནས་ལམ་ལོག་ཏུ་འཕྱན་པ་ཚོ་རེད། རྒྱ་ནག་གཞུང་གིས་ཡུ་གུར་བ་དེ་དག་ལ་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་ཅེས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་རྣམས་ཡང་དག་པ་ཞིག་ཡིན་པའི་དག་འབུད་བྱས་འདུག དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་དཔང་རྟགས་ནི་ཧ་ཅང་ཚབས་ཆེན་དང་བསྙོན་དུ་མེད་པ་ཞིག་འདུག དབྱིན་ཇིའི་གཞུང་གིས་ཞིན་ཅང་གི་དངོས་ཟོག་ནང་འདྲེན་བྱེད་མཁན་བཟོ་ཚོང་ལས་ཁང་ཁག་ལ་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱས་པ་དེས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་གཏོང་གི་ཡོད་ཅེས་དབྱིན་ཇིའི་གྲོས་ཚོགས་ལ་སྙན་སེང་ཞུས། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་ཚོ་ཞིན་ཅང་གི་ངལ་རྩོལ་བཙོན་སྒར་ཁག་དང་བཀག་ཉར་ཁང་དེ་དག་གི་ནང་དུ་རྟོག་ཞིབ་ལ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག

ཟླ་བ་སྔོན་མ་ནས་ཨ་མི་རི་ཀའི་གཞུང་གིས་ཞིན་ཅང་གི་སྲིན་བལ་དང་རས་ཆ། སྔོ་ཚོད་དང་གྱོན་གོས་སོགས་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་རྣམས་ནང་འདྲེན་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་འགོ་ཚུགས། ཕྱི་ཟླ་དང་པོའི་ཚེས་༡༣་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ཡི་ཅན་གྱིས་ང་ཚོས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྒྱ་ནག་གི་ཁེ་ཕན་དང་ཆེ་མཐོང་། རྒྱ་ནག་གི་བདག་དབང་དང་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། དབྱིན་ཇི་ཚུད་པའི་རྒྱལ་ཁབ་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་ཁ་ལ་འཁྱེར་ནས་བསམ་བཞིན་འཁྱོག་བཤད་དང་གནས་ཚུལ་ལོག་པ་བཀྲམ་ནས་རྒྱ་ནག་ལ་ངན་ཁག་དཀྲི་ཐབས་བྱེད་ཀྱི་འདུག རྒྱལ་ཁབ་དེ་དག་གི་སྤྱོད་པ་ནི་ཕྱིན་ཅི་ལོག་པའི་ལངས་ཕྱོགས་ཤིག་ཡིན་པ་ར་འཕྲོད་ཀྱི་རེད། ཞིན་ཅང་གི་གནད་དོན་རྣམས་རྒྱ་ནག་གི་ནང་སྲིད་འབའ་ཞིག་ཡིན་པས་དབྱིན་ཇིས་སོགས་ཀྱིས་ཐེ་གཏོགས་བྱེད་དགོས་དོན་མེད་ཅེས་དབྱིན་གཞུང་གི་ཚོང་ལས་བཀག་སྡོམ་ཉེས་ཆད་གཅོད་འཆར་ཡོད་པ་དེར་ཁ་རྡུང་དྲག་པོ་བཏང་ནས་དགག་པ་བརྒྱབ་པར་མ་ཟད། ཀྲའོ་ལི་ཅན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བཀག་ཉར་ཁང་དང་བཙོན་སྒར་རེད་ཟེར་ས་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། སློབ་གྲྭ་དེ་དག་ལ་འཛུལ་ཞུགས་བྱེད་མཁན་སློབ་ཕྲུག་ཚོ་རང་མོས་ཀྱིས་སློབ་གྲྭ་དེར་ཞུགས་པ་རེད། ད་ལྟ་ཁོ་ཚོ་ལག་ཤེས་དང་སྐད་ཡིག་གི་སློབ་སྦྱོང་སོགས་མཐར་ཕྱིན་ཏེ་སྤྱི་ཚོགས་ཐོག་ཏུ་ཕྱིར་ལོག་ཟིན་པ་རེད་ཅེས་བཀྲལ།།

ཨ་མི་རི་ཀ་དང་ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་འབྱོར་བའི་ཡུ་གུར་བའི་ཚོགས་སྡེ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞིབ་འཇུག་དང་འདྲི་རྩད། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཞིན་ཅང་གི་ས་གནས་ཁག་ཏུ་འཛུགས་སྐྲུན་བྱེད་ཡོད་པའི་ངལ་རྩོལ་བཙོན་སྒར་དང་བཀག་ཉར་ཁང་ཁག་ཅིག་སྒོ་བརྒྱབ་ཡོད་པའི་རྟགས་མཚན་འདུག ཡིན་ནའང་ཞིན་ཅང་གི་བཀག་ཉར་ཁང་དང་ངལ་རྩོལ་བཙོན་སྒར་ཁག་ཏུ་བཅུག་ཡོད་པའི་ཡུ་གུར་བ་སོགས་རྒྱ་ནག་གི་ཞིང་ཆེན་གཞན་ཁག་ལ་ཁྲིད་ནས་སྔར་བཞིན་བཙོན་འཇུག་དང་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་འདུག་ཅེས་བསྒྲགས། ཡུ་གུར་བ་ཚོས་རྒྱལ་སྤྱིའི་ཐོག་ཏུ་ཞིན་ཅང་གི་དཀའ་ངལ་རྣམས་གླེང་སློང་བྱེད་ཀྱི་ཡོད་པ་ཁ་འགོག་ཐབས་སུ་རྒྱ་ནག་གཞུང་གིས་ཡུ་གུར་བ་དེ་དག་གི་ཕ་མ་དང་བཟའ་ཟླ་བུ་ཕྲུག གཉེན་ཚན་སོགས་ཞིན་ཅང་ན་ལུས་ཡོད་པ་རྣམས་ཉེན་རྟོག་ཁང་དུ་ཁྲིད་ནས་རྡུང་རྡེག་གཏོང་བ་དང་འདྲི་གཅོད་ཚ་ནན། ཁོ་ཚོར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་གཉེན་ཚན་ཚོར་སྐད་ཆ་འདྲ་མིན་མ་བཤད། རྩོམ་ཡིག་གང་བྱུང་སྤེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མཚམས་ཞོག ང་ཚོ་ནི་ཞིན་ཅང་ན་བདེ་ཞིང་སྐྱིད་པར་ཡོད་ཅེས་བཤད་དུ་འཇུག་གི་ཡོད་ཅིང་། རྒྱ་གཞུང་གི་བཙན་སྐུལ་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས་བྱོལ་ལ་འབྱོར་བའི་ཡུ་གུར་བ་ཁག་ཅིག་ལ་ཕ་མ་དང་བཟའ་ཟླ་བུ་ཕྲུག་སོགས་ཀྱི་གནོན་ཤུགས་ཐེབས་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱ་རྒྱུ་མཚམས་འཇོག་དགོས་ཐུག་ཡོད་པའི་གནས་ཚུལ་ཇི་སྙེད་ཅིག་ཐོན་གྱི་ཡོད་པ་རེད།།

XS
SM
MD
LG