ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་དམག་རྣམས་ཧིན་བོད་ས་མཚམས་ནས་ཕྱིར་འཐེན་བྱེད་ཀྱི་མེད་པ། 


༄༅།། རྒྱ་ནག་གིས་ཧིན་བོད་ས་མཚམས་ནས་དམག་མི་༡༠༠༠༠་ལྷག་ཕྱིར་འཐེན་བྱས་པ་ཡིན། རྒྱ་དམག་དེ་རྣམས་རང་རང་གི་དམག་སྒར་ཁག་ལ་ཕྱིར་ལོག་བྱས་ཟིན་ཡོད། རྒྱ་གར་གཞུང་གིས་དེ་ལ་བརྟག་དཔྱད་བྱས་ན་ངེས་གཏན་བྱེད་ཐུབ་ཅེས་བསྒྲགས། དེ་རིང་གཟའ་མིག་དམར་ཉིན་རྒྱ་གར་གྱི་ཆེས་མཐོའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ན་ར་ཝྭེན་གྱིས་རྒྱ་དཀར་ནག་གཉིས་འཁྲུག་རྩོད་འབྱུང་ཡུལ་གྱི་ས་མཚམས་ཁག་ནས་རྒྱ་དམག་ཕྱིར་འཐེན་བྱས་ཡོད་པའི་རྟགས་མཚན་ཅི་ཡང་མི་མངོན། སྔ་ལོ་ནས་རྒྱ་དཀར་ནག་གི་དམག་དཔུང་རྣམས་འཁྲུག་རྩོད་འབྱུང་ས་ཁག་ཏུ་ཉེན་ཁ་ཡོད་པ་ནི་སྔར་བཞིན་སོར་གནས་རེད། ཡིན་ནའང་ང་ཚོས་རིམ་བཞིན་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་དེ་ཚོར་གཉིས་མོས་དང་འདྲ་མཉམ་ཐོག་ཏུ་གྲོས་མོལ་བྱས་ནས་ཐག་གཅོད་བྱ་དགོས། ང་ལ་གནད་དོན་དེ་ཚོ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཐུབ་པའི་གདེང་ཚོད་ཡོད། རྒྱ་ནག་གིས་ལོ་ལྟར་དགུན་དུས་སུ་མི་དམངས་བཅིངས་འགྲོལ་དམག་ལ་དམག་སྦྱོང་ཆེན་པོ་རེ་སྤྲོད་སྲོལ་འདུག དམག་སྦྱོང་སྤྲད་པའི་རྗེས་སུ་དམག་སྦྱོང་བྱ་ཡུལ་ས་གནས་ཁག་ནས་དམག་མི་རྣམས་ཕྱིར་འཐེན་བྱེད་ཀྱི་འདུག བོད་ཀྱི་མཐོ་སྒང་ས་ཁུལ་དུ་དམག་སྦྱོང་ལ་བཏང་བའི་དམག་དཔུང་རྣམས་ཕྱིར་འཐེན་བྱས་པས་ན་དམག་དཔུང་ཉུང་འཕྲི་བྱས་པ་རེད་ཟེར་ཆོག་པ་ཞིག་རེད། འོན་ཀྱང་རྒྱ་དཀར་ནག་གཉིས་འཁྲུག་རྩོད་འབྱུང་ཡུལ་ས་མཚམས་ཁག་ནས་དམག་དཔུང་ཕྱིར་འཐེན་བྱས་ཡོད་པ་ཞིག་མཐོང་གི་མི་འདུག་ཅེས་ལྡི་ལི་གསར་པར་རྒྱ་གར་གྱི་དམག་དཔུང་དུས་ཆེན་ཉིན་གསར་འགོད་པ་ཚོར་གཏམ་བཤད་བྱས་འདུག

རྒྱ་གར་གྱི་ཆེས་མཐོའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ན་ར་ཝྭེན་གྱིས་བཤད་པ་ལྟར་ན། ད་དུང་ཡང་ལ་དྭགས་ཤར་གྱི་ས་མཚམས་ཁག་ཏུ་ཛ་དྲག་ཡོད་པར་འགྱུར་བ་མེད་ཀྱང་ཕྱོགས་གཉིས་གྲོས་མཐུན་ཞིག་ཡོང་ཐུབ་པའི་རེ་བ་ཡོད། རྒྱ་དཀར་ནག་གཉིས་གྲོས་མཐུན་ཞིག་བྱུང་ན་འཁྲུག་རྩོད་འབྱུང་ཡུལ་ས་མཚམས་ཁག་ནས་དམག་དཔུང་ཕྱིར་འཐེན་བྱེད་ཐུབ། ལ་དྭགས་ཤར་ཕྱོགས་ཀྱི་གནས་སྟངས་ལ་གཞིགས་ན་སྔ་ལོ་ལྟར་ཉེན་ཁ་ཡོད་པ་གཅིག་མཚུངས་རེད། ང་ཚོས་གྲོས་མོལ་བྱས་ནས་འཁྲུག་རྩོད་འབྱུང་ཡུལ་ཁག་ནས་དམག་དཔུང་ཕྱིར་འཐེན་བྱ་ཐབས་བྱ་དགོས། དེ་ལྟར་བྱུང་ན་ཧིན་བོད་ས་མཚམས་ཁག་ཏུ་ཕྱོགས་ཡོངས་ནས་དམག་འཁྲུག་གི་ཛ་དྲག་ཞོད་འཇགས་གཏོང་ཐུབ་པའི་དགེ་མཚན་ཡོད། ང་ཚོས་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་ཡོངས་སུ་དོགས་ཟོན་བྱ་རྒྱུ་མཚམས་བཞག་མེད། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་ཐིག་མཚམས་སུ་དམག་སྒར་འཛུགས་སྐྲུན་བྱེད་ཀྱི་ཡོད་འདུག ང་ཚོས་རྒྱ་ནག་གི་དམག་སྒར་དེ་རྣམས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཅི་ཙམ་ཡོད་མེད་ལ་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད། སྔ་མོ་ནས་རྒྱ་གར་བྱང་ཕྱོགས་ཀྱི་ས་མཚམས་ཁག་གི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་གཏོང་དགོས་པ་རེད། ད་ལྟ་ང་ཚོས་རྒྱ་གར་བྱང་ཕྱོགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཡར་རྒྱས་བཏང་སྟེ་རྒྱལ་སྲུང་གི་དགོས་མཁོ་ལྟར་ཡུན་རིང་དམག་ས་འཛིན་ཐུབ་པ་ཞིག་ཏུ་གྱུར་ཡོད། ད་ལོ་རྒྱ་གར་གྱིས་ས་མཐོ་ས་ཁག་དང་གྲང་ངར་ཆེ་ས་ཁག་ཏུ་དམག་དཔུང་སྔར་ལས་མང་བ་ཞིག་བཀྲམ་ཡོད། ཡིན་ནའང་རྒྱ་གར་གྱི་དམག་དཔུང་ལ་འཆི་རྨས་སོགས་ཀྱི་གནས་ཚུལ་འབྱུང་རྒྱུ་སྔར་བཞིན་གཅིག་མཚུངས་རེད། དཔེར་ན་སྔ་ལོ་དགུན་གྱི་གྲང་ངར་ཁྲོད་དུ་རྒྱ་གར་གྱི་དམག་ལ་འཆི་རྨས་བྱུང་བའི་གྲངས་འབོར་ནི་བརྒྱ་ཆ་༠་༡༣་ཡིན། ད་ལོ་རྒྱ་གར་གྱི་ས་མཚམས་ཁག་གི་དམག་ལ་འཆི་སྐྱོན་བྱུང་བའི་གྲས་འབོར་བརྒྱ་ཆ་༠་༡༥་རེད། རྒྱ་ནག་དང་པ་ཀི་སི་ཐན་གཉིས་དམག་དོན་དང་དམག་དོན་མ་ཡིན་པ་སོགས་ཕྱོགས་གང་ཐད་དུ་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག དེས་ན་རྒྱ་གར་ལ་ཕྱོགས་གཉིས་ནས་རྒོལ་རྡུང་འབྱུང་རྒྱུའི་ཉེན་ཁ་ཡོད་པར་གྲ་སྒྲིག་བྱས་ནས་གདོང་ལེན་བྱ་དགོས་པ་དེར་གཡོལ་ཐབས་མི་འདུག་ཅེས་གཏམ་བཤད་བྱས་འདུག

དགུན་ཁའི་དུས་སུའང་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཁག་ཅིག་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ་བྱ་རྒྱུ་མཚམས་འཇོག་གི་ཡོད་མེད་པ་སྟེ། ཉེ་ཆར་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཅིག་རྒྱ་གར་གྱི་ཕྱོགས་སུ་སིམ་འཛུལ་བྱས་ནས་འཛིན་བཟུང་བྱས་ཤིང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་དཀར་ནག་གི་དམག་དོན་མི་སྣ་ཁག་ཅིག་ཆུ་ཤུལ་ས་ཁུལ་དུ་མཉམ་འཇོམས་བྱས་ནས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་དེ་རྩིས་སྤྲོད་བྱས་ཡོད་པར་མ་ཟད། ན་ནིང་ཕྱི་ཟླ་༡༠་ནང་དུའང་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཅིག་རྒྱ་གར་གྱི་ཕྱོགས་སུ་སིམ་འཛུལ་བྱས་ནས་འཛིན་བཟུང་ཐེབས། རྒྱ་ནག་གི་དམག་མི་དེར་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་གིས་སྨན་བཅོས་བྱས་པ་དང་གྱོན་གོས་དྲོན་པོ་གཡོགས་ནས་ཉི་མ་གསུམ་གྱི་རྗེས་སུ་ཕྱིར་སློག་བྱས་འདུག རྒྱ་ནག་གི་ས་མཚམས་སྲུང་དམག་ཚོས་གངས་ཁྲོད་དུ་ལམ་མ་རྙེད་པ་དང་ཁ་ཆར་བུ་ཡུག་གི་མུན་ནག་ཁྲོད་དུ་ཁ་ཕྱོགས་འཕྱུག་ནས་རྒྱ་གར་ཕྱོགས་སུ་འཁྱར་བ་རེད་ཅེས་བཀྲལ། རྒྱ་གར་གྱི་དམག་དོན་མི་སྣ་ཚོས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་དེ་དག་རྒྱ་གར་ཕྱོགས་སུ་སིམ་འཛུལ་བྱས་ནས་ས་མཚམས་ཀྱི་དམག་དཔུང་དང་སྲུང་སྐྱོབ་ཀྱི་སྟོབས་ཤུགས། རྒྱ་གར་གྱི་མཐའ་མཚམས་སྲུང་དམག་རྣམས་ཡུན་རིང་ས་མཚམས་སུ་སྡོད་རྩིས་ཡོད་མེད་བཅས་ལ་མྱུལ་ཞིབ་བྱེད་དུ་ཡོང་བ་རེད་ཅེས་བཤད། རྒྱ་ནག་གི་བཅིངས་འགྲོལ་དམག་མིའི་ཉིན་རེའི་ཚགས་པར་ལ་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཞག་པ་ལྟར་རྒྱ་གར་གྱིས་འཕྲལ་དུ་རྒྱ་ནག་གི་དམག་མི་དེ་ཕྱིར་སློག་བྱ་དགོས། རྒྱ་གར་གྱིས་ས་མཚམས་ཁག་ནས་དམག་དཔུང་ཕྱིར་འཐེན་བྱ་དགོས། རྒྱ་གར་བའི་དམག་གིས་ས་མཚམས་ཀྱི་འཁྲུག་རྩོད་དེའི་ངར་ཤུགས་ཆུང་དུ་གཏོང་དགོས་ཞེས་རྩོམ་ཡིག་སྤེལ། ན་ནིང་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་ལ་དྭགས་ཀྱི་གྷལ་ཝྭན་ལུང་གཤོང་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་དཔུང་ཁག་ཅིག་དམར་འཛིང་ཐུག་སྟེ་ཕྱོགས་གཉིས་ཀར་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་ནས་བཟུང་། རྒྱ་དཀར་ནག་གཉིས་ཀས་བོད་དང་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་དམག་དཔུང་ཁྲི་ཚོ་མང་པོ་འགྲེམ་འཇོག་བྱས་ནས་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུའི་རྣམ་པ་ཐོན། དེ་ནས་ཕྱོགས་གཉིས་ཀྱི་ཞི་དྲག་གི་དཔོན་རིགས་ཚོས་གྲོས་མོལ་ཐེངས་༧་བྱས་ཀྱང་རྒྱ་དཀར་ནག་གི་དམག་དཔུང་རྣམས་ས་མཚམས་ཁག་ནས་ཕྱིར་འཐེན་བྱེད་ཐུབ་ཀྱི་མེད་པ་རེད།།

ཕྱི་ཟླ་དང་པོའི་ཚེས་༡༢་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གྱིས་རྒྱ་དཀར་ནག་གི་དབང་སྒྱུར་ས་ཐིག་མཚམས་སུ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བ་རེད། དེར་བརྟེན་པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་བར་ལོ་༤༥་རིང་དུ་བྱུང་མྱོང་མེད་པའི་དོ་ཕོག་ཆེན་པོ་ཞིག་ཐེབས་སོང་། ལོ་༤༥་གཞུག་ཏུའང་ས་མཚམས་སུ་མི་གསོད་ཁྲག་སྦྱོར་འབྱུང་གི་ཡོད་པས་རྒྱ་གར་གྱི་ཆབ་སྲིད་དང་མི་དམངས་ཀྱི་བསམ་བློར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་མངོན་གསལ་རེད། རྒྱ་གར་གྱིས་རྒྱ་ནག་ལ་ཡིད་ཆེས་བྱས་ནས་འབྲེལ་བ་བརྟན་པོ་ཞིག་ཚུགས་ཐུབ་རྒྱུ་དེར་ཤུགས་རྐྱེན་ངན་པ་ཚབས་ཆེན་ཞིག་ཐེབས་སོང་། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་ཐིག་མཚམས་སུ་དམག་དཔུང་ཁྲི་ཚོ་མང་པོ་ཁ་སྣོན་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་རྒྱ་གར་ལ་འགྲེལ་བཤད་བརྒྱབ་མ་བྱུང་། ང་ཚོས་རྒྱུ་རྐྱེན་ཅི་ཡིན་མི་ཤེས་ཀྱང་རྒྱ་ནག་གིས་དམག་དཔུང་ཕོན་ཆེན་ཞིག་རྒྱ་གར་གྱི་ས་མཚམས་ཁག་ལ་འགྲེམ་འཇོག་བྱས་པ་རེད། དེ་ནས་ང་ཚོས་ཀྱང་ཕྱོགས་གཉིས་ཀྱི་དབང་སྒྱུར་ས་ཐིག་མཚམས་སུ་དམག་དཔུང་བཏང་སྟེ་རྒྱ་ནག་ལ་ཁ་གཏད་བཅག་པ་ཡིན། ད་ལྟ་དགུན་གྱི་གྲང་ངར་ཁྲོད་དུའང་ཕྱོགས་གཉིས་ཀྱི་དམག་དཔུང་ཁྲི་ཚོ་མང་པོ་ས་མཚམས་སུ་བཞག་ཡོད། དེ་ལ་མེ་སྒྱོགས་དཔུང་སྡེ་དང་མཚོན་ལྡན་རླངས་འཁོར་གྱི་དཔུང་སྡེ་ཁག་གི་རྒྱབ་གནོན་དམག་དཔུང་བཏང་ཡོད་པ་རེད། རྒྱ་དཀར་ནག་གཉིས་ཀས་གྲོས་མོལ་ཐེངས་འགའ་ཞིག་བྱས་ཀྱང་ས་མཚམས་ཀྱི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་ཐུབ་པའི་གྲོས་མཐུན་འཇོག་དཀའ་བ་ཞིག་ཏུ་གྱུར་འདུག ༡༩༧༥་ལོར་ཨ་རུ་ན་ཅལ་མངའ་སྡེའི་རྟ་ལུང་ལར་རྒྱ་གར་གྱི་དམག་མི་༤་ལ་ས་མཚམས་སུ་སྲོག་སྐྱོན་བྱུང་། དེའི་རྗེས་སུ་ན་ནིང་བར་དུ་རྒྱ་ནག་དཀར་ནག་གཉིས་ཀྱི་མཐའ་མཚམས་སུ་དམག་མི་ལ་འཆི་སྐྱོན་བྱུང་མྱོང་མེད། རྒྱ་ནག་གིས་ཐེངས་འགའ་ཞིག་ས་མཚམས་སུ་དཔུང་འཛུལ་བྱས་ནས་ཕྱོགས་གཉིས་ཀས་ས་མཚམས་ཁག་ལ་ཞི་བདེ་ལྷིང་འཇགས་བསྐྲུན་དགོས་པའི་གྲོས་མཐུན་བཞག་པ་ཁག་ལ་གཏོར་བརླག་བྱས་སོང་ཞེས་སྐྱོན་བརྗོད་དྲག་པོ་བྱས་འདུག

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་ཀྱང་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་ཡོད། ང་ཚོས་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པར་མཉམ་འབྲེལ་བྱས་ནས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་རྒྱུན་མཐུན་བྱེད་ཐུབ་པའི་རེ་ལྟོས་འཆང་ཡོད། དེང་སྐབས་ང་ཚོར་གདོང་ལེན་བྱ་དགོས་པའི་དཀའ་ངལ་ཇི་སྙེད་ཅིག་འཕྲད་བཞིན་མཆིས། མིག་སྔའི་དཀའ་ངལ་ལ་གཞིགས་ནས་ཨ་མི་རི་ཀ་ཡང་ཟླ་གྲོགས་བཙལ་ནས་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འདོད་པ་འདུག ང་ཚོས་ཨ་མི་རི་ཀར་སྔར་ལས་ལྷག་པའི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་གདེང་ཚོད་ཡོད། རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བ་རྨང་གཞི་རྣམས་ཧ་ཅང་བརྟན་པོ་ཡིན། ང་ཚོ་ཆབ་སྲིད་དང་དམངས་གཙོའི་ལྟ་གྲུབ། བདེ་འཇགས་སྲུང་སྐྱོབ་དང་རྒྱལ་སྲུང་སོགས་ཕྱོགས་མང་དག་ཅིག་ལ་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཚུགས་ཐུབ་ཡོད། རྒྱ་ནག་གི་ཉེན་ཀར་དམིགས་ནས་ཨ་མི་རི་ཀ་དང་རྒྱ་གར། ཨོ་གླིང་དང་ཉི་ཧོང་བཅས་མཐུན་གྲོགས་རྒྱལ་ཁབ་ཞིའི་འབྲེལ་བ་ཡར་རྒྱས་བཏང་སྟེ་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཉམ་འབྲེལ་བྱ་རྒྱུ་ཡར་རྒྱས་གཏོང་གི་ཡོད། ཨ་རི་དང་རྒྱ་གར་གཉིས་ཚོང་ལས་ཐོག་ཏུ་སྒོ་ཁྲལ་སྤར་རེས་དང་རྩོད་པ་བྱུང་ཡོད་པ་བདེན་པ་རེད། ང་ཚོས་གྲོས་མོལ་བྱས་ནས་ཨ་རི་དང་རྒྱ་གར་གྱི་ཚོང་ལས་གྲོས་མཐུན་ཆུང་ཁག་འགའ་ཞིག་འཇོག་ཐུབ་པའི་ལམ་དུ་སྐྱོད་ཀྱི་ཡོད། གལ་སྲིད་བྷ་ཌན་གྱི་སྲིད་གཞུང་གསར་པས་བསམ་ཤེས་ཤིག་བྱེད་ཐུབ་ན་རྒྱ་གར་གྱིས་ཀྱང་དེ་ལ་བཟང་ཕྱོགས་ལན་པ་སློག་རྒྱུའི་གྲ་སྒྲིག་ཡོད་ཅེས་རྒྱ་དཀར་ནག་གི་འབྲེལ་བ་དང་ཨེ་ཤི་ཡའི་འབྲེལ་བ། རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བ་སོགས་ལ་གཏམ་བཤད་བྱས་ཤིང་། དེ་བཞིན་རྒྱ་གར་གྱི་ཆེས་མཐོའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ཀྱང་རྒྱ་དཀར་ནག་གཉིས་ཀྱིས་ཧིན་བོད་ས་མཚམས་སུ་དམག་དཔུང་འགྲེམ་འཇོག་བྱེད་ཡོད་པའི་གནས་སྟངས་བཅས་ལ་འགྲེལ་བཤད་ཞིབ་ཕྲ་ཞིག་བརྒྱབ་འདུག

XS
SM
MD
LG