ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ཨ་རིའི་མི་དམངས་ཀྱིས་ཐག་གཅོད་བྱེད་པའི་ཉིན་མོ།

ཨ་རིའི་གྲོས་ཚོགས་གོང་མའི་གདན་གྲངས་༣༥་འོས་འདེམས། ༄༅།།

༢༠༢༠་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་༡༠༠་ཡོད་པ་དེའི་ཁོངས་ནས་འཐུས་མི་༣༥་ཡི་གདན་གྲངས་འོས་འདེམས་བྱེད་ཀྱི་ཡོད་ཅིང་། དེང་སྐབས་སྤྱི་མཐུན་ཚོགས་པར་འཐུས་མི་༥༣་དང་དམངས་གཙོ་ཚོགས་པར་འཐུས་མི་༤༥་ལས་མེད་ཀྱང་རང་བཙན་གྱི་གྲོས་ཚོགས་གོང་མའི་འཐུས་མི་༢་ཡོད་པ་དེ་དག་གིས་དམངས་གཙོ་ཚོགས་པའི་ཕྱོགས་སུ་འོས་ཤོག་འཕེན། ད་ལོ་གྲོས་ཚོགས་གོང་མའི་གདན་གྲངས་༣༥་འོས་འདེམས་བྱེད་ཀྱི་ཡོད་པ་དེའི་ཁོངས་སུ་སྤྱི་མཐུན་ཚོགས་པའི་འཐུས་མི་༢༣་དང་དམངས་གཙོ་ཚོགས་པའི་འཐུས་མི་༡༢་འདུག དམངས་གཙོ་ཚོགས་པར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་ཐེངས་འདིའི་འོས་འདེམས་སྐབས་སུ་གྲོས་ཚོགས་གོང་མའི་ནང་དུ་གདན་གྲངས་འཐོལ་པ་༣་འཐོབ་ན་ཆོག་ཅིང་། གལ་སྲིད་དམངས་གཙོ་ཚོགས་པར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་ཚེ། དམངས་གཙོ་ཚོགས་པར་ཉུང་མཐར་ཡང་ཨ་རིའི་གྲོས་ཚོགས་གོང་མར་འཐུས་༤་ཡི་གདན་གྲངས་འཐོལ་པ་འཐོབ་དགོས་ཀྱི་འདུག ཉམས་ཞིབ་པ་ཚོས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༢༡་གི་གདན་གྲངས་དེར་འགྱུར་བ་ཐེབས་ཐུབ་རྒྱུ་ཁག་པོ་ཡིན་རུང་གདན་གྲངས་༡༤་ནི་འགྲན་རྩོད་ཀྱི་གནས་སུ་ལྷུང་འདུག དམངས་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གཅིག་གཉིས་ཤིག་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ལྔ་དྲུག་ཅིག་ལ་ཕམ་ཉེས་འབྱུང་རྒྱུའི་རྟགས་མཚན་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་༤༣༥་འོས་འདེམས།

༄༅།། དེང་སྐབས་ཨ་རིའི་གྲོས་ཚོགས་འོག་མར་དམངས་གཙོ་ཚོགས་པར་འཐུས་མི་༢༣༢་དང་སྤྱི་མཐུན་ཚོགས་པར་འཐུས་མི་༡༩༧་ཡོད་ཅིང་། སྤྱི་མཐུན་ཚོགས་པའི་འཐུས་མི་༢༢་དང་དམངས་གཙོ་ཚོགས་པའི་འཐུས་མི་༦་བགྲེལ་ཡོལ་ལ་ཕེབས་ནས་བསྐྱར་དུ་འོས་འདེམས་ལ་མཉམ་ཞུགས་བྱེད་ཀྱི་མེད་པ་རེད། ཉམས་ཞིབ་པ་ཚོས་གཟའ་མིག་དམར་གྱི་འོས་འདེམས་རྗེས་སུ་དམངས་གཙོ་ཚོགས་པར་༢༠༡༨་ལོར་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་པ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་པར་མ་ཟད། ད་དུང་དེའི་ཐོག་ཏུ་འཐུས་མི་གསར་པ་མང་པོ་ཞིག་འདེམས་ཐོན་འབྱུང་ཐུབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་ཨ་རིའི་རྒྱལ་ཡོངས་སུ་འོས་འདེམས་ལ་མཉམ་ཞུགས་བྱ་རྒྱུའི་ངར་ཤུགས་ལངས་འདུག ང་ཚོར་བསྐྱར་དུ་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གྲངས་མང་གི་རྒྱལ་ཁ་འཐོབ་སྟེ་སྔར་ལས་འཐུས་མི་ཇེ་མང་དུ་འགྲོ་རྒྱུའི་གདེང་ཚོད་ཡོད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་སྤྱི་མཐུན་ཚོགས་པར་གྲོས་ཚོགས་གོང་འོག་གཉིས་དང་སྲིད་འཛིན་འོས་འདེམས་བཅས་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་ནང་དུ་དབང་ཆ་འཛིན་ཐུབ་པའི་རྒྱལ་ཁ་འཐོབ་རྒྱུ་རེད་ཅེས་བཤད། ད་ལོའི་འོས་འདེམས་སྐབས་སུ་སྔར་བཞིན་ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀར་བུད་མེད་གྲོས་ཚོགས་གོང་འོག་གི་འཐུས་མིར་ལངས་མཁན་ཇེ་མང་དུ་སོང་འདུག

འོས་འདེམས་ཉིན་ཁ་རས་གྱོན་ནས་ནད་དུག་སྔོན་འགོག

༄༅།། ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་བསྡུའི་འོས་ཤོག་འཕེན་ཡུལ་ཁག་ཏུ་མི་ཚོགས་ཚང་ཁ་མེད་པར་འོས་འཕེན་པ་ཀུན་གྱིས་ཁ་རས་གྱོན་པ། སྤྱི་ཚོགས་རྒྱང་བཀྱེད་ཀྱི་བར་སྟོང་བཞག་སྟེ་རང་གཞན་གཉིས་ཀྱི་བདེ་ཐང་ལ་སེམས་ཁུར་བླངས་ཏེ་ཨ་མི་རི་ཀ་བ་ཚོའི་བཟང་ཕྱོགས་ཀྱི་ཁྱད་ཆོས་ཤིག་ཐོན་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁ་རས་གྱོན་ན་ཕན་ཐོགས་མེད་པའི་ལངས་ཕྱོགས་བཟུང་བ་དང་ཇཱོ་བྷ་ཌན་གྱིས་ཁ་རས་གྱོན་ན་ནད་དུག་ཁྱབ་གདལ་སྔོན་འགོག་ཐུབ་པའི་དགེ་མཚན་ཆེ་ཞེས་ལངས་ཕྱོགས་བཟུང་སྟེ་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་ཁ་རས་གྱོན་དགོས་མིན་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར། དེང་སྐབས་ཨ་རིའི་སྤྱི་ཚོགས་སུ་ཁ་རས་གྱོན་ན་དམངས་གཙོ་ཚོགས་པ་དང་ཇཱོ་བྷ་ཌན་གྱི་རྒྱབ་སྐྱོར་པ་ཡིན་པ་དང་ཁ་རས་མ་གྱོན་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་པ་རེད་ཅེས་མཐའ་གཉིས་སུ་ལྷུང་བའི་ལྟ་ཚུལ་ཞིག་ཐོན། ད་ལོའི་འོས་འདེམས་ལས་འགུལ་སྐབས་སུ་མི་ཚོགས་འདུས་པ་དང་དགུན་མགོ་ཚུགས་ཏེ་གནམ་གཤིས་ཇེ་གྲང་དུ་ཕྱིན་ནས་བཟུང་། ཨ་མི་རི་ཀར་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་མི་ལ་འཆི་སྐྱོན་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག

དེ་རིང་འོས་འདེམས་ཀྱི་ཉིན་མོར་སྲིད་འཛིན་ཌོ་ནལ་ཊམ་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁྲིས་སུ་ཆགས་པའི་ཝྭིར་ཇཱི་ཎི་ཡ་མངའ་སྡེའི་རོ་སི་ལིན་གྲོང་ཁྱེར་དུ་ཊམ་གྱི་འོས་འདེམས་ལས་འགུལ་སྤྱི་ཁྱབ་ཁང་དུ་ཕེབས་ནས་འོས་བསྡུའི་ལས་འགུལ་ཁང་གི་ལས་བྱེད་པ་ཚོར་བཀའ་དྲིན་ཆེ་ཞུས་འདུག་པར་མ་ཟད། སྲིད་འཛིན་ཊམ་གྱིས་ཝྭིར་ཇཱི་ཎི་ཡའི་མི་མང་འོས་ཤོག་འཕེན་མཁན་རྣམས་རང་ཕྱོགས་སུ་འགུགས་ཐུབ་པའི་འབད་བརྩོན་བྱས་འདུག མངའ་སྡེ་དེའི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་ཚོས་སྲིད་འཛིན་ཊམ་འོས་འདེམས་ཀྱི་ཉིན་མོར་ཝྭིར་ཇཱི་ཎི་ཡར་ཕེབས་ནས་འོས་ཤོག་འཐོབ་ཐུབ་ཀྱི་མ་རེད་ཅེས་དགག་པ་བརྒྱབ། ཇཱོ་བྷ་ཌན་འོས་འདེམས་ཉིན་མོར་ཕན་སིལ་ཝྭེ་ཎི་ཡ་མངའ་སྡེའི་ཧྥི་ལ་ཌལ་ཧྥི་ཡ་གྲོང་གྲོང་ཁྱེར་དུ་ཕེབས་ནས་མི་མང་ལ་འོས་ཤོག་འཕེན་དགོས་པའི་སྐུལ་ལྕག་བཏང་བ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཀ་མ་ལ་ཧེ་རཱི་སི་ལོ་འདིའི་འོས་འདེམས་ལ་གནད་འགག་ཆེ་བའི་མངའ་སྡེ་མཱི་ཆི་གྷན་གྱི་ཌི་ཊི་རོ་ཡེ་ཊི་གྲོང་ཁྱེར་དུ་ཕེབས་ནས་མི་མང་ལ་འོས་ཤོག་འཕེན་དགོས་པའི་སྐུལ་ལྕག་བཏང་འདུག

ཕོ་བྲང་དཀར་པོར་ལྕགས་རི་བསྐོར་ནས་ཟིང་འཁྲུག་ལ་དོགས་ཟོན།

༄༅།། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་དང་ལེན་མ་བྱས་པར་ཟིང་འཁྲུག་འབྱུང་སྲིད་པའི་ཉེན་ཁ་ཡོད་པ་སྔོན་འགོག་ཆེད་དུ་གཟའ་ཟླ བ་ནས་ཕོ་བྲང་དཀར་པོའི་མཐའ་འཁོར་དུ་ལྕགས་རི་བསྐོར་ནས་གཏོར་བཅོམ་དང་ཟིང་འཁྲུག་སྔོན་འགོག་གི་གྲ་སྒྲིག་བྱས་ནས་བདེ་འཇགས་སྲུང་དམག་བཀྲམ། སྲིད་འཛིན་ཌོ་ནལ་ཊམ་གྱིས་དོ་དགོང་ཕོ་བྲང་དཀར་པོའི་ཚོམས་ཆེན་ཤར་དུ་མི་༢༥༠་ལྷག་མགྲོན་འབོད་བྱས་ནས་འོས་འདེམས་ཀྱི་གྲུབ་འབྲས་ལ་དགའ་སྟོན་བྱ་རྒྱུའི་སྟ་གོན་བྱེད་ཀྱི་ཡོད་ཀྱང་ཨ་རིའི་ནད་རིགས་སྔོན་འགོག་སྨན་པ་ཆེད་ལས་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་མི་ཚོགས་བསྡུས་ནས་ནད་དུག་ཁྱབ་གདལ་གཏོང་རྒྱུ་རེད་ཅེས་སྐྱོན་བརྗོད་བྱས་འདུག

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་འོས་འདེམས་ཀྱི་ཞོགས་པར་ཡེ་ཤུའི་ལྷ་ཁང་དུ་ཕེབས་ནས་བུ་འདས་པོ་བྷོ་བྷ་ཌན་གྱི་ཆེད་དུ་སྨོན་ལམ་བཏབ་པ་དང་ལྷ་ཁང་སྒོ་འགྲམ་དུ་འདུས་པའི་རྒྱབ་སྐྱོར་པ་ཚོར་ལག་པ་ཡུག་བྱས་ནས་གུས་ལན་སློག ད་སྔ་ཨ་རིའི་འོས་ཤོག་འཕེན་ཡུལ་ཁག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་པ་ཚོས་ཡིག་བྱང་དང་འཕྲེད་དར་འཕྱར་ཏེ་བསྐྱར་དུ་ལོ་བཞིར་འདེམས་ཐོན་ཡོང་བར་ཤོག་ཅེས་སྐད་འབོད་བྱེད་ཀྱི་ཡོད་ཀྱང་མི་གཞན་ལ་སྡིགས་ར་བསྐུལ་ནས་འོས་ཤོག་འཕེན་མི་ཆོག་པའི་བཀག་འགོག་བྱེད་ཀྱི་གནས་ཚུལ་གང་ཡང་མ་ཐོན། ཨ་རིའི་སྤྱི་མཐུན་ཚོགས་པའི་འོས་འདེམས་ཉམས་ཞིབ་པ་ཚོས་གཟའ་མིག་དམར་གྱི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཨ་རིའི་ལྷོ་ཕྱོགས་སུ་ཆགས་པའི་ཧྥུ་ལོ་རི་ཌ་མངའ་སྡེ་དང་ནུབ་དཀྱིལ་མངའ་སྡེ་ཨོ་ཧ་ཡོ། ཨ་རིའི་བྱང་ཤར་ཕྱོགས་སུ་ཆགས་པའི་བྱང་ཁེ་རོ་ལེ་ན་མངའ་སྡེ་གསུམ་གྱིས་ཐག་གཅོད་བྱ་སྲིད། གལ་ཏེ་སྲིད་འཛིན་ཌོ་ནལ་ཊམ་ལ་གོང་འཁོད་མངའ་སྡེ་གསུམ་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་བསྐྱར་དུ་འདེམས་འཐོན་ཡོང་རྒྱུ་ཉག་ཅིག་རེད། གལ་སྲིད་ཇཱོ་བྷ་ཌན་ལ་བྱང་ཁེ་རོ་ལེ་ན་དང་ཧྥུ་ལོ་རི་ཌ། ཨོ་ཧ་ཡོ་གསུམ་གྱི་གཅིག་འཐོབ་ན་སྲིད་འཛིན་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་ཡོང་ཐུབ་རྒྱུ་ཁག་པོ་རེད་ཅེས་ཉམས་ཞིབ་ཀྱི་གནས་ཚུལ་ཞིག་སྤེལ་བྱས་འདུག

མང་སྣོན།

XS
SM
MD
LG