ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

ཨ་རིའི་མི་དམངས་ཀྱིས་ཐག་གཅོད་བྱེད་པའི་ཉིན་མོ།

༄༅།། འདས་པའི་ལོ་གཅིག་ལྷག་གི་རིང་དུ་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་ཏེ་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་ཞིང་། ཁ་སང་གཟའ་ཟླ་བའི་དགོང་མོར་ཨ་རིའི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གཉིས་ཀྱི་འོས་འདེམས་ལས་འགུལ་མཇུག་བསྒྲིལ། དེ་རིང་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་འོས་ཤོག་འཕངས་ཏེ་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆའི་གཅིག གྲོས་ཚོགས་འོག་མར་འཐུས་མི་༤༣༥་ཡོད་པ་རྣམས་འོས་འདེམས་བྱ་རྒྱུ་འགོ་ཚུགས། ད་ལྟ་ཨ་མི་རི་ཀའི་མི་དམངས་དང་འཛམ་གླིང་མི་དམངས་ཀྱིས་ཨ་རིའི་སྲིད་འཛིན་ལ་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན། ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱི་གང་ལ་གྲོས་ཚོགས་གོང་འོག་གཉིས་སུ་འཐུས་མི་གྲངས་མང་གི་རྒྱལ་ཁབ་འཐོབ་རྒྱུ་ཡིན་མིན་ལ་ངང་སྒུག་བྱས་ནས་བལྟས་བསྡད་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་དང་ཨུ་རུ་སུ། ཨི་རན་སོགས་ཨ་མི་རི་ཀར་འབྲེལ་བ་བཟང་པོ་མེད་པའི་རྒྱལ་ཁབ་ཁག་གིས་ཨ་རིའི་སྲིད་འཛིན་འོས་འདེམས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་ལྟར་ཡུ་རོབ་ཀྱི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

དེང་སྐབས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོང་སྟེ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་ཡོད་ཀྱང་ཨ་མི་རི་ཀ་བ་དུང་ཕྱུར་གཅིག་ལྷག་གིས་ཕྱི་ཟླ་༡༡་པའི་ཚེས་༣་སྟེ། ཨ་མི་རི་ཀའི་འོས་འདེམས་ཀྱི་སྔོན་དུ་སྦྲག་ལམ་དང་སོ་སོ་དངོས་སུ་ཕྱིན་ནས་འོས་ཤོག་འཕངས་ཟིན་ཡོད་པར་མ་ཟད། དེ་རིང་འོས་འདེམས་ཀྱི་ཉིན་མོར་ཨ་མི་རི་ཀའི་སྤྱི་དམངས་ས་ཡ་མང་པོས་འོས་ཤོག་འཕེན་གྱི་ཡོད་པ་ནི་ལོ་བརྒྱ་ལྷག་གི་ནང་དུ་བྱུང་མྱོང་མེད་པའི་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་ཞིག་ཡིན་ཞིང་། ད་ལོའི་འོས་འདེམས་ལ་མཉམ་ཞུགས་བྱེད་མཁན་མི་ས་ཡ་མང་པོ་ན་གཞོན་དང་སློབ་ཕྲུག རྒན་རྒོན་དང་གྲངས་ཉུང་མི་རིགས། སྲིད་འཛིན་ཌོ་ནལ་ཊམ་གྱི་འགྱུར་བ་མེད་པའི་རྒྱབ་སྐྱོར་པ་རྣམས། དམངས་གཙོ་ཚོགས་པ་དང་ཇཱོ་བྷ་ཌན་གྱི་སྲིད་ཇུས་དང་ལངས་ཕྱོགས་ལ་དེ་ཙམ་དགའ་མོས་མེད་ཀྱང་འདས་པའི་ལོ་བཞིའི་རིང་ལ་སྲིད་འཛིན་ཌོ་ནལ་ཊམ་གྱི་ཆབ་སྲིད་འཛིན་སྐྱོང་བྱེད་ཕྱོགས་དེར་འདོད་པ་མ་ཚིམས་པར་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རྣམས་ཡིན་འདུག ད་དུང་ལོ་འདིའི་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་ཇི་སྙེད་ཅིག་གིས་ལྟ་བ་དང་ལངས་ཕྱོགས་མ་འདྲ་བ་རེ་བཟུང་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའམ། ཡང་ན་སྲིད་འཛིན་ཌོ་ནལ་ཊམ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་འོས་ཤོག་འཕེན་འདུག

སྲིད་འཛིན་ཌོ་ནལ་ཊམ་དང་ཇཱོ་བྷ་ཌན་གཉིས་ཀས་འོས་འདེམས་ལས་འགུལ་དུས་སུ་ཨ་རིའི་དཔལ་འབྱོར་དང་འཕྲོད་བསྟེན་ལྟ་སྐྱོང་། མི་མང་ལས་ཤོར་པའི་དཀའ་ངལ་དང་སློབ་ཕྲུག་གི་བུ་ལོན། དཔྱ་ཁྲལ་སྤར་གཅོག་དང་མི་རིགས་དབྱེ་འབྱེད། ཨ་རི་དང་རྒྱ་ནག་གི་འགལ་ཟླ་དང་ཨུ་རུ་སུ་དང་ཨི་རན་སོགས་ཀྱིས་ཨ་མི་རི་ཀའི་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ། ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་བ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་སྔར་བཞིན་སོར་གནས་ཐུབ་མིན། འཛམ་གླིང་ཡོངས་སུ་གཅིག་སྡུད་རིང་ལུགས་དང་དམངས་གཙོའི་འཐབ་རྩོད་ཅིག་ལངས་ཡོད་པ་སོགས་གནད་དོན་མང་དག་ཅིག་ལ་རང་རང་གི་ལངས་ཕྱོགས་དང་ལྟ་ཚུལ་རེ་བཟུང་ནས་གཏམ་བཤད་བྱས་མོད། འོན་ཀྱང་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འགག་རྩ་ནི་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་སྲིད་ཇུས་ལ་ཐུག་འདུག་ཅེས་ཉམས་ཞིབ་པ་ཕལ་མོ་ཆེས་གླེང་། དཔེར་ན་ད་ལྟའི་བར་དུ་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༩༣༨༠༠༠༠་ལྷག་བྱུང་ཡོད་པ་དང་མི་༢༣༠༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་བ། ད་དུང་ཡང་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འབྱུང་རྒྱུ་དང་མི་ལ་འཆི་སྐྱོན་འཕོག་རྒྱུ་ཉུང་དུ་འགྲོ་ཡི་མེད་པས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏོག་དབྱིབས་ནད་དུག་ལ་ཐུག་ཡོད་པ་རེད།།

ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་མི་མང་གི་བསམ་ཚུལ་འདྲི་ཞིབ་བྱས་པའི་གྲུབ་འབྲས་ལྟར་ན། ཨ་རིའི་རྒྱལ་ཡོངས་སུ་ཇཱོ་བྷ་ཌན་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༡༠་ལྷག་མང་བ་ཡོད་ཅིང་། གལ་སྲིད་དོ་དགོང་འོས་འདེམས་གྲུབ་འབྲས་ཕྱིར་བསྒྲགས་བྱས་དུས་ཇཱོ་བྷ་ཌན་ལ་རྒྱལ་ཁ་ཐོབ་མེད་ཚེ། ཨ་རིའི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་ཚོས་འོས་འདེམས་དྲང་སྙོམས་ཤིག་བྱུང་མ་སོང་། འོས་ཤོག་ཚང་མ་གྲངས་བཤེར་རྒྱག་དགོས་ཞེས་ངོ་རྒོལ་བྱས་ནས་ཟིང་ཆ་ཆེན་པོ་ཞིག་ལང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། གལ་སྲིད་དོ་དགོང་འོས་འདེམས་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་མ་ཐུབ་ན་ཁྲིམས་རྩོད་པ་བཏང་ནས་འོས་འདེམས་ཀྱི་གྲུབ་འབྲས་ལ་རྩོད་པ་རྒྱག་རྒྱུ་ཡིན། ད་ལོའི་འོས་འདེམས་ལ་གཡོ་ཁྲམ་མ་བྱས་ན་ང་ལ་མ་ཐོབ་པ་ཞིག་འབྱུང་མི་སྲིད། འོས་འདེམས་ཀྱི་ཉིན་མོར་འབྱོར་མ་ཐུབ་པའི་འོས་ཤོག་རྣམས་རྩིས་མེད་གཏོང་དགོས། ཕན་སིལ་ཝྭེ་ཎི་ཡ་ལྟ་བུའི་གནད་འགག་ཆེ་བའི་མངའ་སྡེ་ཁག་གིས་འོས་འདེམས་གཞུག་ཏུ་འབྱོར་བའི་འོས་ཤོག་རྣམས་ཉིན་འགའ་ཞིག་ལ་རྩིས་ཆོག་པ་ནི་གཡོ་ཁྲམ་བྱ་རྒྱུའི་ངན་ཇུས་རེད་ཅེས་བསྒྲགས། སྟབས་ཉེས་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་པ་མཚོན་ཆ་ཐོགས་པའི་ཡུལ་དམག་སྒེར་པ་ཚོས་ཇཱོ་བྷ་ཌན་གྱི་རྒྱབ་སྐྱོར་པ་ཚོར་འཇིགས་སྐུལ་བྱས་ནས་འོས་ཤོག་འཕེན་དུ་མི་འཇུག་པའི་ཉེན་ཁ་ཆེ། དེས་ན་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་བརྩད་ནས་ཨ་རིའི་རྒྱལ་ནང་དུ་ཟིང་འཁྲུག་ཆེན་པོ་ཞིག་ལང་སྲིད། ཐ་ན་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་དེ་མཐའ་མཇུག་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་བྱ་དགོས་པ་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཡོད་པ་རེད།།

ཨ་རིའི་མཐུན་གྲོགས་གཙོ་བོ་དབྱིན་ཇིའི་གསར་ཤོག་ཁག་ཏུ་ཨ་རིའི་འོས་འདེམས་ཀྱི་གྲུབ་འབྲས་ལ་རྩོད་པ་འབྱུང་རྒྱུའི་རྟགས་མཚན་འདུག་ཅེས་བཀོད། གྷར་ཌི་ཡན་ཚགས་པར་དུ་ཨ་རིའི་དམངས་གཙོ་ཉམས་རྒུད་འགྲོ་སྲིད་པའི་སྐབས་འདིར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འོས་འདེམས་ཞེས་བཀོད། ཊི་ལི་གྷ་རབ་ཚགས་པར་གྱིས་ཨ་མི་རི་ཀར་འོས་འདེམས་ཀྱི་དྲག་ཟིང་ལང་སྲིད་པའི་ཉེན་ཁ་འདུག་ཅེས་རྩོམ་ཡིག་སྤེལ། ཧྥ་རན་སིའི་ལཱེ་ཧྥི་གྷ་རོ་ཚགས་པར་ལ་ཨ་མི་རི་ཀར་ཅི་ཞིག་འབྱུང་རྒྱུ་ཡིན་མིན་མ་ཤེས་པར་ལུས་ཡོད་པ་ཞེས་བཀོད། ཨི་ཊི་ལིའི་སྤྱི་མཐུན་ཉིན་རེའི་ཚགས་པར་ལ་འཛམ་གླིང་གིས་ངང་སྒུག་བྱེད་བཞིན་མཆིས་ཞེས་བཀོད། འཇར་མན་གྱི་དངུལ་རྩའི་གསར་འགྱུར་དྲྭ་ལམ་དུ་ཨ་རིའི་འོས་འདེམས་ཀྱིས་འཛམ་གླིང་གི་དངུལ་རྩའི་ཁྲོམ་ར་ཁག་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་ཀྱི་རེད་ཅེས་བཀོད། འཇར་མན་གྱི་ཚགས་པར་གཞན་ཞིག་ལ་འོས་མི་གཉིས་བརྒྱུད་ནས་ཨ་མི་རི་ཀའི་འཐབ་རྩོད་ཅེས་བཀོད། ཨ་རུ་སུའི་གྷ་ཛེ་ཊ་ཚགས་པར་ལ་ལབ་གླེང་ཤིན་ཏུ་ཆེ་བའི་ཨ་རིའི་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་མཇུག་བསྡུ་ཡི་ཡོད་པ་རེད། ཨ་མི་རི་ཀར་ཆབ་སྲིད་ཀྱི་ཟིང་འཁྲུག་ལང་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་བཀོད། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཝྭེ་ནེ་ཛུ་ལའི་ཀུན་ཁྱབ་ཚགས་པར་ལ་དགྲ་འཛིན་ཆེ་བ་དང་ངེས་གཏན་བྲལ་བའི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་འགྲན་རྩོད་ཅེས་བཀོད། བྷར་ཛིལ་གྱི་སའོ་ཕ་ལོ་ཚགས་པར་ལ་ཨ་མི་རི་ཀའི་མི་མང་གིས་འོས་འདེམས་ཀྱི་སྔོན་ལ་འོས་ཤོག་འཕངས་པའི་གྲངས་འབོར་ནི་ལོ་རྒྱུས་ཀྱི་ཟིན་ཐོ་བརྒལ་བ་ཞིག་རེད་ཅེས་བཀོད། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཨ་རིའི་སྲིད་འཛིན་འོས་འདེམས་ལས་འགུལ་དེས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་རྒྱུར་བར་ཆད་ཆེན་པོ་ཞིག་བཏང་སོང་ཞེས་བཀོད་འདུག

XS
SM
MD
LG