ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཨ་རིའི་མི་དམངས་ཀྱིས་ཐག་གཅོད་བྱེད་པའི་ཉིན་མོ།

སྲིད་འཛིན་ཊམ་གྱིས་རང་ལ་རྒྱལ་ཁ་ཐོབ་སོང་ཞེས་བསྒྲགས།

༄༅།། སྲིད་འཛིན་ཌོན་ནལ་ཊམ་གྱིས་ཨ་རིའི་མི་མང་ས་ཡ་མང་པོས་ང་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མི་ཉུང་ཤས་ཤིག་གིས་ང་ཚོའི་ཐོབ་ཐང་འཕྲོག་གི་ཡོད་པ་རེད། དོ་དགོང་ང་ཚོར་རྒྱལ་ཁ་འཐོབ་ཀྱི་ཡོད་ཀྱང་དེའི་གྲུབ་འབྲས་རྩིས་མེད་བཏང་སོང་། ཨ་རི་ཛོ་ནའི་འོས་ཤོག་གྲངས་ཀ་བརྒྱབ་མ་ཚར་གོང་དུ་བྷ་ཌན་ལ་ཐོབ་པ་རེད་ཅེས་གསར་འགྱུར་ལས་ཁང་ཞིག་གིས་བསྒྲགས་སོང་། ང་ཚོར་ཨ་རི་ཛོ་ན་མ་ཐོབ་ཀྱང་ཆོག་ཅིང་། ང་ཚོར་འཇོར་ཇཱི་ཡ་ཐོབ་ཡོད་པ་དང་བྱང་ཁེ་རོ་ལེ་ན་འཐོབ་ཀྱི་ཡོད་པ་རེད། ང་ཚོར་ཕན་སིལ་ཝྭེ་ཎི་ཡ་ཡང་འཐོབ་འདུག་ཅེས་བཤད། ཡིན་ནའང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐོབ་སོང་ཟེར་པ་དང་འཐོབ་ཀྱི་ཡོད་ཅེས་བསྒྲགས་པའི་མངའ་སྡེ་ཁག་གི་འོས་ཤོག་རྣམས་གྲངས་ཀ་བརྒྱབ་ཚར་མེད་པ་རེད། མཐར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ཚོར་རྒྱལ་ཁ་ཐོབ་ཚར་པ་རེད། ངས་ཆེས་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས་ནས་འོས་ཤོག་གྲངས་ཀ་རྒྱག་རྒྱུ་མཚམས་འཇོག་བྱེད་དུ་འཇུག་རྒྱུ་ཡིན་ཞེས་གཏམ་བཤད་བྱས་སོང་།།


ཇཱོ་བྷ་ཌན་གྱིས་རང་གི་རྒྱབ་སྐྱོར་པ་ཚོར་གཏམ་བཤད།

༄༅།། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གྱིས་རང་ལ་འོས་ཤོག་ཐོབ་སྟངས་དེར་རེ་བ་ཆེན་པོ་འདུག ཨ་རི་ཛོ་ན་དང་ཝི་སི་ཀོན་སན། མཱི་ཆི་གྷན་བཅས་སུ་རེ་བ་ཆེན་པོ་ཡོད་ཅིང་། ཡིན་ནའང་འོས་འདེམས་ཀྱི་གྲུབ་འབྲས་ཐག་ཆོད་པར་སང་ཉིན་བར་དུ་འགོར་ས་རེད། འོས་ཤོག་ཚང་མ་གྲངས་ཀ་རྒྱག་དགོས། འོས་ཤོག་ཚང་མ་གྲངས་ཀ་བརྒྱབ་མ་ཚར་བར་དུ་སྲིད་འཛིན་ཊམ་དང་ངེད་གཉིས་ཀྱི་སུ་ཡིན་རུང་འོས་འདེམས་ཀྱི་གྲུབ་འབྲས་ཐག་གཅོད་བྱེད་མི་ཐུབ། རྣམ་པ་ཚོ་ངང་རྒྱུན་རིང་པོ་བྱས་ནས་སྒུག་ཡོད་པར་བཀའ་དྲིན་ཆེ་ཞེས་གཏམ་བཤད་བྱས་འདུག

མི་མང་འོས་འཕེན་པའི་རྩ་དོན་གལ་ཆེན།

༄༅།། ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་མི་མང་འོས་ཤོག་འཕེན་མཁན་ཚོར་སྐད་ཆ་དྲིས་པ་ལྟར་ན། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༥༢་ཀྱིས་ཏོག་དབྱིབས་རིམས་ནད་བཀག་སྡོམ་བྱ་རྒྱུ་ཨང་དང་པོར་བརྩིས་ནས་འོས་ཤོག་འཕངས་པ་ཡིན་ཞེས་ལན་བཏབ། མི་མང་འོས་ཤོག་འཕེན་བརྒྱ་ཆ་༤༢་ཀྱིས་དཔལ་འབྱོར་སླར་གསོ་བྱ་རྒྱུ་ཨང་དང་པོར་བརྩིས་ནས་འོས་ཤོག་འཕངས་པ་ཡིན་ཞེས་ལན་བཏབ་འདུག མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༨་ཀྱིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་བཀག་སྡོམ་ནན་པོ་ཐུབ་ཀྱི་འདུག་ཟེར་པ་དང་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༥༡་གིས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་བཀག་སྡོམ་བྱེད་ཐུབ་ཀྱི་མི་འདུག་ཅེས་ལན་འདེབས་བྱས་འདུག མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༣༤་ལྷག་གི་དཔལ་འབྱོར་ཨང་དང་པོ་རེད་ཟེར། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༡་གིས་མི་རིགས་འདྲ་མཉམ་ཨང་དང་པོ་རེད་ཟེར། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༡༨་ཀྱིས་ཏོག་དབྱིབས་རིམས་ནད་འགོག་རྒྱུ་ཨང་དང་པོ་རེད་ཅེས་ལན་འདེབས་བྱས་འདུག ད་ལོའི་འོས་ཤོག་མཁན་བརྒྱ་ཆ་༡༣་ན་གཞོན་གསར་པ་དང་ཐེངས་དང་པོར་འོས་ཤོག་འཕེན་མཁན་རྣམས་ཡིན་ཞིང་། མི་མང་འོས་ཤོག་འཕེན་མཁན་བརྒྱ་༨༧་རྙིང་པ་ཡིན་འདུག དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་བརྒྱ་ཆ་༣༡་གིས་ཌོ་ནལ་ཊམ་ལ་ངོ་རྒོལ་བྱས་ནས་ཇཱོ་བྷ་ཌན་ལ་འོས་ཤོག་འཕངས་པ་ཡིན་ཞེས་ལན་བཏབ། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༦༠་ལྷག་གིས་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་བྱས་ནས་འོས་ཤོག་འཕངས་པ་ཡིན་ཟེར། ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༨༡་གིས་ཌོ་ནལ་ཊམ་ལ་འོས་ཤོག་འཕངས་པ་ཡིན་ཟེར་པ་དང་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༡༠་ཡས་མས་ཤིག་གིས་ཇཱོ་བྷ་ཌན་ལ་ངོ་རྒོལ་བྱས་ནས་ཌོ་ནལ་ཊམ་ལ་འོས་ཤོག་འཕངས་ཡིན་ཞེས་ལན་བྱས་འདུག

ཨ་རིའི་འདེམས་འཐུས་ལྷན་ཚོགས།
༄༅།། ཨ་རིའི་རྒྱལ་ཡོངས་སུ་འདེམས་འཐུས་ལྷན་ཚོགས་ཀྱི་གདན་གྲངས་༥༣༨་ཡོད་པ་སྟེ། མངའ་སྡེ་རེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་ཅི་ཙམ་ཡོད་པ་དེའི་ཚད་མཉམ་ཀྱི་གདན་གྲངས་དང་། དེའི་ཐོག་ཏུ་མངའ་སྡེ་རེར་ཨ་རིའི་གྲོས་ཚོགས་གོང་མར་འཐུས་མི་གཉིས་རེའི་ཡོད་པ་དེའི་ཚད་མཉམ་གྱི་གདན་གྲངས། རྒྱལ་ས་ཝ་ཤིང་ཊོན་གྲོང་ཁྱེར་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་༣་གྱི་གདན་གྲངས་བཅས་ཁྱོན་བསྡོམས་ཨ་མི་རི་ཀར་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་༥༣༨་ཡོད་ཅིང་། འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་མངའ་སྡེ་སོ་སོ་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད། སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་མངའ་སྡེ་གཅིག་གི་མི་དམངས་ཀྱི་འོས་ཤོག་མང་བ་ཐོབ་ན་འོས་མི་དེར་མངའ་སྡེ་དེའི་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ཆ་ཚང་འཐོབ་དགོས་པར་མ་ཟད། སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་༢༧༠་འཐོབ་ན་འོས་མི་དེ་ཨ་རིའི་འདེམས་ཐོན་སྲིད་འཛིན་ལ་འགྱུར། ཨ་མི་རི་ཀར་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་འཐོབ་དགོས་པའི་ལམ་ལུགས་ཤིག་དར་ཡོད་པའི་སྟབས་ཀྱིས་རྒྱལ་ཡོངས་སུ་མི་དམངས་ཀྱི་འོས་ཤོག་གྲངས་མང་ཐོབ་ཀྱང་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་མ་ཐོབ་ན་སྲིད་འཛིན་ལ་འདེམས་ཐོན་འབྱུང་དཀའ། འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་འཐོབ་དགོས་པའི་སྟབས་ཀྱིས་འོས་མི་གཉིས་ཀ་ཨ་རིའི་མངའ་སྡེ་ཚང་མར་བསྐྱོད་ནས་རང་ལ་མངའ་སྡེ་དེའི་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་འཐོབ་ཐུབ་པའི་འབད་བརྩོན་བྱས་ནས་ལས་འགུལ་སྤེལ་དགོས་པ་རེད།། https://www.voatibetan.com/p/7517.html?nocache=1

མང་སྣོན།

XS
SM
MD
LG