ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་འབྲུག་ཡུལ་ལ་སྨན་ཁབ་༩༠,༠༩༠་རོགས་རམ།


Bhutan Foundation
Bhutan Foundation

༄༅།། ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བགོ་འགྲེམ་ལྷན་ཁང་བརྒྱུད་ནས་འབྲུག་ཡུལ་ལ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཐབ་སྨན་ཐུན་༩༠,༠༩༠་རོགས་རམ་སྤྲད། འབྲུག་གཞུང་གིས་ཨ་མི་རི་ཀ་གཞུང་དམངས་གཉིས་ཀྱི་གཏོང་ཕོད་ཆེ་བའི་རོགས་རམ་གནང་བར་བཀའ་དྲིན་ཆེ། ཨ་རིས་ནད་འགོག་གི་ནུས་པ་ཆེ་བ་དང་ཟུར་གནོད་ཀྱི་ཉེན་ཁ་ཆུང་བའི་སྨན་ཁབ་རོགས་རམ་གནང་བ་དེ་དག་གིས་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་སྔོན་འགོག་ཐུབ་པ་དང་མི་མང་གི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པའི་དགེ་མཚན་ཡོད་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༤་པའི་ཚེས་༤་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངལ་སེལ་དྲྭ་ཚིགས་སུ་གནས་ཚུལ་བཀོད་པ་ལྟར་ན། ཨ་མི་རི་ཀའི་རྒྱལ་སྤྱིའི་རོགས་སྐྱོར་ལྷན་ཁང་གི་རྒྱ་གར་དང་འབྲུག་ཡུལ་གྱི་སྡེ་ཚན་དེའི་འགན་འཛིན་ཝི་ན་རེ་ཌིས་ཨ་མི་རི་ཀས་འབྲུག་པ་མི་དམངས་ལ་མཛའ་འབྲེལ་ཞིག་བཙུགས་ཡོད་པར་རིན་ཐང་ཆེན་པོ་རྩི་བཞིན་ཡོད། དེ་རིང་སྐྱེལ་འདྲེན་བྱུང་བའི་སྨན་ཁབ་དེ་དག་གིས་འབྲུག་པའི་མི་དམངས་རྣམས་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་འོག་ནས་རྣམ་པར་རྒྱལ་ཐུབ་པའི་རེ་བ་ཡོད། ཨ་རིའི་རྒྱལ་སྤྱིའི་རོགས་སྐྱོར་ལྷན་ཁང་དང་དེ་མིན་གྱི་གཞུང་གི་སྒྲིག་འཛུགས་ཁག་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་མགོ་སྟོད་ནས་འབྲུག་ཡུལ་ལ་མཉམ་འབྲེལ་བྱས་ནས་འཕྲོད་བསྟེན་ལྟ་སྐྱོང་གི་ནུས་པ་ཡར་རྒྱས་དང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཡོད་པ་སོགས་ལ་དམིགས་པ་གཏད་ནས་སེལ་ཐབས་སུ་འབད་ཡོད། ཨ་མི་རི་ཀས་འཛམ་གླིང་ཡོངས་ལ་འགོ་ཁྲིད་ནས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་དོན་འདིར་ཤུགས་སྣོན་རྒྱག་གི་ཡོད། ཨ་མི་རི་ཀ་བ་དང་འབྲུག་པ་མི་དམངས། འཛམ་གླིང་མི་དམངས་བཅས་ཀྱི་བདེ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ཡར་རྒྱས་གཏོང་རྒྱུ་ནི་རླབས་ཆེན་གྱི་བྱ་བ་ཞིག་རེད་ཅེས་བཤད་འདུག

རྒྱལ་ཚོགས་ཀྱི་ངལ་སེལ་དྲྭ་ཚིགས་སུ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༡་ལོའི་ཕྱི་ཟླ་༧་པའི་ཚེས་༡༢་ཉིན་ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགོག་ཁྱབ་བགོ་འགྲེམ་ལྷན་ཁང་བརྒྱུད་ནས་འབྲུག་ཡུལ་ལ་ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་༥༠༠,༠༠༠་རོགས་རམ་སྤྲད། ལོ་དེའི་ཕྱི་ཟླ་༥་པའི་ཚེས་༢༥་ཉིན་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་སྨན་ཐུན་༥,༨༥༠་ཐམ་པ་རོགས་རམ་སྤྲད། ཨ་མི་རི་ཀས་ཏོག་དབྱིབས་ནད་ཡམས་དུས་སུ་འབྲུག་པའི་མི་དམངས་ལ་དཔལ་འབྱོར་དཀའ་ངལ་འཕྲད་ཀྱི་ཡོད་པ་སེལ་ཐབས། ལྷག་པར་དུ་འབྲུག་པའི་བུད་མེད་དང་ན་གཞོན་གྱི་འཕྲོད་བསྟེན་དང་སྨན་བཅོས་ལ་རོགས་སྐྱོར་བྱེད་ཐུབ་པའི་འབོད་བརྩོན། ཨ་རིའི་ལས་ཁུངས་ཁག་གིས་འབྲུག་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་ལ་སྨན་བཅོས་ཀྱི་ཡོ་ཆས་དང་ནད་འགོག་གི་སྦྱོང་བརྡར་སྤྲད་པར་མ་ཟད། ཨ་མི་རི་ཀ་དང་འབྲུག་པའི་ཐེབས་རྩ་ཁང་གཉིས་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་ཡམས་ལ་འཐབ་རྒོལ་བྱས་ནས་འཛམ་གླིང་འདི་སྔར་ལས་བདེ་ཞིང་སྐྱིད་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད་པར་དགའ་སྤོབས་ཆེན་པོ་ཡོད་ཅེས་བཀོད་འདུག

ཕྱི་ཟླ་༤་པའི་ཚེས་༡་ཉིན་ཕྱི་འབྲེལ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་ཡུལ་ལ་མི་འབོར་༧༥༠,༠༠༠་ལྷག་པ་དེའི་ཁོངས་ནས་མི་མང་བརྒྱ་ཆ་༩༠་ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་དང་ཤུགས་སྐྱེད་སྨན་ཁབ་བཅས་སྨན་ཐུན་གསུམ་པོ་བརྒྱབ་ཟིན་ཞིང་། ཐོག་མར་༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་འབྲུག་གཞུང་གིས་ཨ་སྒོར་ས་ཡ་༥༢་ལྷག་འགྲོ་གྲོན་བཏང་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་པས་འབྲུག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༤,༧༦༡་དང་མི་༩་མ་གཏོགས་འཆི་སྐྱོན་མ་བྱུང་། ད་དུང་འབྲུག་གཞུང་གིས་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་དང་བླངས་རུ་ཁག་བཏང་སྟེ་མང་ཚོགས་ལ་ནད་འགོག་གི་ལམ་སྟོན་དང་ནད་རྟགས་ཐོན་པའི་མི་རྣམས་ཟུར་འགོག ནད་རྟགས་ཐོན་པའི་མི་ཚོས་འཕྲལ་དུ་འབྲུག་གཞུང་གི་འཕྲོད་བསྟེན་ཚན་པ་ཁག་ལ་འབྲེལ་བ་བྱས་ནས་མི་གཞན་ལ་ནད་དུག་མི་བགོ་རྒྱུ་གཙིགས་སུ་འཛིན་དགོས་པའི་ལམ་སྟོན་བྱས་ཏེ་གྲུབ་འབྲས་ཆེན་པོ་ཐོན་འདུག་ཅེས་གནས་ཚུལ་སྤེལ་འདུག
ཨ་མི་རི་ཀས་འབྲུག་ཡུལ་གཅིག་པུར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རོགས་རམ་སྤྲོད་ཀྱི་ཡོད་པ་ཞིག་མིན་པ་སྟེ། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དུང་ཕྱུར་༡༡་རོགས་སྐྱོར་སྤྲོད་རྒྱུའི་ཁས་ལེན་བྱས་པའི་ཁོངས་ནས་སྨན་ཁབ་དུང་ཕྱུར་༥་ལྷག་རོགས་རམ་སྤྲད་ཟིན་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྨན་ཁབ་བགོ་འགྲེམ་ལྷན་ཁང་ལའང་ཨ་མི་རི་ཀ་སྨན་ཁབ་ཞལ་འདེབས་སྤྲོད་མཁན་མང་ཤོས་ཀྱི་རྒྱལ་ཁབ་དེར་གྱུར། ༢༠༢༠་ནས་༢༠༢༢་ཀྱི་ཕྱི་ཟླ་༤་པའི་མགོ་སྟོད་བར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་ནས་མི་ས་ཡ་༦་ལྷག་ལ་འཆི་སྐྱོན་དང་མི་གྲངས་དུང་ཕྱུར་༥་མ་ཟིན་ཙམ་ལ་ནད་མནར། དེང་སྐབས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་ཡམས་འཇོམས་ཀྱི་ཡོད་ཀྱང་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་སླར་ཡང་ནད་དུག་བསྐྱར་ལོག་བརྒྱབ་སྟེ་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཁག་ཐོན་ཡོད་པས་འབྲུག་ཡུལ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་སྔར་བཞིན་ཏོག་དབྱིབས་ནད་དུག་ལ་འཛེམ་ཟོན་བྱེད་དགོས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG