ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱིས་འབྲུག་ཡུལ་ལ་དབུགས་གཏོང་འཕྲུལ་ཆས་སོགས་རོགས་སྐྱོར།


(Photo: Ministry of Foreign Affairs Taiwan twitter)
(Photo: Ministry of Foreign Affairs Taiwan twitter)

༄༅།། ཐེ་ཝན་གྱིས་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཁ་རས་དང་དབུགས་གཏོང་འཕྲུལ་ཆས་བཅས་སྨན་བཅོས་ཀྱི་ཡོ་བྱད་ཁག་ཅིག་རོགས་སྐྱོར་སྤྲད་པ་ཡིན་ཞེས་ཕྱི་ཟླ་༣་པའི་ཚེས་༢༧་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་སྤེལ་འདུག ཐེ་ཝན་གྱིས་འབྲུག་ཡུལ་ལ་ཁ་རས་སྤུས་དག་༢༠༠༠་ཐམ་པ་དང་དབུགས་གཏོང་འཕྲུལ་ཆས་༥༠་ཐམ་པ་རོགས་སྐྱོར་སྤྲད་པའི་སྨན་བཅོས་ཀྱི་ཡོ་བྱད་རྣམས་འབྲུག་ཡུལ་གྱི་འགྲུལ་སྐྱེལ་གནམ་གྲུའི་ནང་དུ་ཁྱེར་ཏེ་སྤ་རོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་འདུག ཐེ་ཝན་གྱི་རོགས་སྐྱོར་ཡོ་བྱད་དེ་རྣམས་འཕྲལ་དུ་འབྲུག་ཡུལ་གྱི་གཞུང་འཛིན་མ་ཡིན་པའི་རྒྱལ་ཡུམ་དགེ་རྩ་ཚོགས་པས་ཚོགས་སྡེ་གཞན་ཁག་ལ་བགོ་འགྲེམ་བྱ་རྒྱུ་ཡིན་ཞིང་། དེང་སྐབས་འབྲུ་ཡུལ་གྱི་རྒྱལ་ཐིམ་ཕུ་དང་ས་གནས་གཞན་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ནས་དཀའ་ངལ་འཕྲད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སྔོན་གཟའ་ཉི་མའི་ཉིན་ཞག་གཅིག་གི་རིང་དེར་འབྲུག་ཡུལ་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༥༠༢་ཐོན། ༢༠༡༩་ཡི་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། འབྲུག་ཡུལ་དུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༤༧༦༡་བྱུང་བ་དང་མི་༩་ལ་འཆི་སྐྱོན་བྱུང་།།

ཕྱི་ཟླ་༣་པའི་ཚེས་༡༩་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་ང་ཚོས་ནད་ཡམས་འདི་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་པ་ཤེས་དཀའ། ཡིན་ནའང་འབྲུག་གཞུང་གིས་ནད་ཡམས་འདིར་གདོང་ལེན་བྱས་ནས་འཕེལ་རིམ་གསར་པ་ཞིག་སྙེག་ཐབས་བྱེད་ཀྱི་འདུག འཛམ་གླིང་ཁྱོན་ཡོངས་སུ་ཅི་ཞིག་འབྱུང་གི་ཡོད་པ་ཤེས་རྟོགས་ཐུབ་ན་དགེ་མཚན་ཆེ། ཧོང་ཀོང་དང་རྒྱ་ནག་གཉིས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པའི་གསར་འགྱུར་མང་དག་ཅིག་གྱི་ཐོན་བཞིན་པ་རེད། ཧོང་ཀོང་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་ནས་སྨན་ཁབ་མ་བརྒྱབ་པ་དང་རྒན་རྒོན་ཚོར་ནད་དུག་འགོས་ནས་འཆི་སྐྱོན་འབྱུང་གི་འདུག འབྲུག་གཞུང་ལ་ཕྱི་ཟླ་༢་པའི་ཟླ་མཇུག་བར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གྲ་སྒྲིག་དང་འཆར་གཞི་མེད་པར་མ་ཟད། གལ་སྲིད་འབྲུག་ཡུལ་གྱི་སྒྲིག་འཛུགས་ཁག་དང་རྒན་གསོ་ཁང་དེ་དག་གི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་ཚེ། འབྲུག་གཞུང་གིས་ནད་ཡམས་དེར་གདོང་ལེན་ཇི་ལྟར་བྱ་དགོས་མིན་སྔོན་ནས་བསམ་བློ་འཁོར་མི་འདུག་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ།།

དེ་བཞིན་ཕྱི་ཟླ་༣་པའི་ཚེས་༡༧་ཉིན་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་གཞུང་གིས་ཕྱི་རྒྱལ་གྱི་འགྲུལ་པ་སྨན་ཁབ་བརྒྱབ་ཡོད་པ་རྣམས་ཉི་མ་ལྔར་ཟུར་འགོག་བྱ་དགོས་པ་དང་སྨན་ཁབ་བརྒྱབ་མེད་པའི་འགྲུལ་པ་རྣམས་ཉིན་བཅུར་ཟུར་འགོག་བྱ་རྒྱུའི་འཆར་གཞི་དེ་ལག་ལེན་བསྟར་རྒྱུའི་ཐག་བཅད་བྱས་མེད་ཅིང་། སྲིད་བློན་བློ་གྲོས་ཚེ་རིང་གིས་འབྲུག་ཡུལ་གྱི་ཟུར་འགོག་དུས་ཡུན་ལ་ཁྱད་པར་ཡོད་པའི་སྟབས་ཀྱིས་འགྲུལ་པ་ཡོང་རྒྱུ་དེར་འགོག་རྐྱེན་ཐེབས་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་འདྲ། འོན་ཀྱང་ཏོག་དབྱིབས་ནད་ཡམས་ཀྱིས་འབྲུག་ཡུལ་ལ་ཕྱི་ལོགས་ཀྱི་འགྲུལ་པ་ཡོང་རྒྱུ་མང་དུ་འགྲོ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀྲལ།།

ཕྱི་ཟླ་༣་པའི་ཚེས་༡༡་ནས་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་དང་མགྲོན་ཁང་ཁག དེ་མིན་གྱི་འབྲེལ་ཡོད་ཚོང་ལས་ཁག་གི་ལས་སྣེ་ཚོ་བརྙན་ལམ་དུ་ཚོགས་འདུ་ཚོགས་ནས་འབྲུག་ཡུལ་ལ་ཡུལ་སྐོར་སྤྲོ་འཆམ་བསྐྱར་དུ་སྒོ་འབྱེད་ཕྱོགས་སུ་གྲོས་ཁ་བསྡུར། ༢༠༡༩་ལོར་འབྲུག་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་༣༡༩༠༠༠་བསླེབས། འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཤད་པ་ལྟར་ན། ༢༠༢༠་ལོའི་ཕྱི་ཟླ་༣་པའི་མཚམས་སུ་འབྲུག་ཡུལ་དུ་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་ཁང་༣༠༠༠་དང་གནས་ཤན་པ་༤༠༠༠་ལྷག མགྲོན་ཁང་༥༠༠་བཅས་ཡོད་པ་དེ་དག་གི་ནང་དུ་ཁྱོན་བསྡོམས་ལས་མི་༢༥༠༠༠་ཡས་མས་ཤིག་ལ་ལས་ཀ་ཐོབ་ཡོད་པ་རྣམས་ནད་ཡམས་ཀྱི་བར་ཆད་བྱུང་སྟེ་མེད་པར་གྱུར་སོང་། ཡུལ་སྐོར་སྤྲོ་འཆམ་ནི་ཆུ་ཤུགས་གློག་ཁང་དང་ཤིང་ཆ། གཏེར་ཁ་ལྟར་རྒྱལ་ཁབ་ཀྱི་ཡོང་འབབ་གཙོ་གྲས་ཤིག་ཡིན། འབྲུག་ཡུལ་ལ་སླར་ཡང་ཡུལ་སྐོར་སྤྲོ་འཆམ་སྒོ་འབྱེད་བྱེད་མ་ཐུབ་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་འཕོག་སྲིད་ཅེས་གཏམ་བཤད་བྱས་ཤིང་། གཟའ་འཁོར་འདིར་ཐེ་ཝན་གྱིས་འབྲུག་ཡུལ་ལ་ཁ་རས་སོགས་སྨན་བཅོས་ཀྱི་ཡོ་བྱད་ཁག་ཅིག་རོགས་རམ་སྤྲོད་ཀྱི་ཡོད་པར་བལྟས་ཚེ། ད་དུང་ཡང་འབྲུག་ཡུལ་དུ་ཏོག་དབྱིབས་ནད་དུག་ཅུང་ཙམ་ཁྱབ་ཀྱི་ཡོད་པ་དང་སྐབས་ཤིག་གི་རིང་དུ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་འབྱེད་ཐུབ་རྒྱུ་ཁག་པོ་ཡིན་པའི་རྟགས་མཚན་ཞིག་ཐོན་འདུག

XS
SM
MD
LG