ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གཞུང་གིས་མགོ་ལོག་རྨ་ཆེན་རྫོང་གི་བོད་པ་གཉིས་འཛིན་བཟུང་།


༄༅།། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ཆེན་རྫོང་གི་དབྱུག་ཞོང་སྡེ་པའི་བསམ་གཏན་བཟང་པོ་དང་ཚུལ་ཁྲིམས་ཟེར་བའི་བོད་པ་གཉིས་ཉེ་ལམ་ཕྱི་ལོ་༢༠༢༡་ཕྱི་ཟླ་༤་ཚེས་༡༦་ཉིན་སྐད་འཕྲིན་བརྒྱུད་ནས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བཀག་ཉར་བྱས་སོང་ཞེས་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག བོད་པ་དེ་དག་གི་གྲས་ཀྱི་ཚུལ་ཁྲིམས་ནི་བསམ་གཏན་བཟང་པོ་ཚང་གི་མག་པ་ཞིང་ཡིན་ཞིང་། ཁོ་གཉིས་ལོ་ན་༣༥་ནས་༤༠་ཡས་མས་སུ་སོན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་འཛིན་བཟུང་རྗེས་སུ་རྨ་ཆེན་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ནས་བཞག་ཡོད་ཀྱང་གང་ཅིའི་གནས་སྟངས་གསལ་པོ་ཞིག་ཤེས་རྟོགས་ཐུབ་མེད་པ་རེད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། དེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་སོགས་ས་གནས་གང་སར་ཕྱི་རྒྱལ་དུ་སྤུན་མཆེད་ཡོད་མཁན་ཚོར་དམིགས་བསལ་གྱི་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། སྡེ་པ་སོ་སོར་ཚོགས་འདུ་བསྐོངས་ནས་ནང་ཁུལ་དུ་ཕན་ཚུན་སོ་ཉུལ་བྱེད་དུ་འཇུག་རྒྱུ་དང་སོ་ཉུལ་མང་པོ་ཆེད་འཛུགས་ཀྱིས་སྐད་འཕྲིན་ནང་དུ་སྐད་ཆ་ཅི་ཞིག་བཤད་ཀྱི་ཡོད་མེད། པར་རིས་སོགས་ཅི་ཞིག་འགྲེམ་སྤེལ་དང་བསྐུར་རེས་བྱེད་ཀྱི་ཡོད་མེད་རྣམས་དུས་ཐོག་ཏུ་རྒྱ་གཞུང་གི་འབྲེལ་ཡོད་ཚན་པ་ཁག་ལ་བརྡ་ལན་སྤྲོད་ཀྱི་ཡོད་པ། སོ་ཉུལ་ཚོས་ལས་དོན་བསྒྲུབས་པའི་གྲུབ་འབྲས་ལ་གཞིགས་ནས་དངུལ་སྒོར་བྱ་དགའ་དང་རོགས་སྐྱོར་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཟེར་བར་ཁ་གཡར་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་དྲྭ་རྒྱ་དང་སྐད་འཕྲིན་བཅས་ལ་སྔར་ལས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་མང་པོ་ཞིག་འཛིན་བཟུང་བྱེད་བཞིན་ཡོད་ཅིང་། སྔ་ལོ་༢༠༢༠་ཐམ་པའི་ལོ་མཇུག་ཏུ་མཚོ་སྔོན་དུ་ཨ་མགོ་དང་ལྷ་མོ་སོགས་དྲྭ་རྒྱའི་འགོ་དཔོན་གསུམ་འཛིན་བཟུང་བྱས་ནས་ལོ་ལྔའི་རིང་ལ་དྲྭ་རྒྱ་བེད་སྤྱོད་བྱེད་མི་ཆོག་པའི་ཉེས་ཆད་བཅད། སྐད་འཕྲིན་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་མི་༤༧་མིང་ཐོག་ནག་པོའི་ནང་དུ་བཅུག་སྟེ་ལྟ་རྟོག་འོག་བཞག་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན། ལྷག་པར་དུ་ན་ནིང་ལོ་མཇུག་ཏུ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དྲྭ་རྒྱ་དོ་དམ་དང་འབྲེལ་བའི་ཁྲིམས་འགལ་དོན་ཚན་༢༠་བཀྲམ་སྟེ་དོན་ཚན་དེ་དག་ལ་འགལ་འཛོལ་བྱུང་བའམ། ཡང་ན་དྲྭ་རྒྱའི་ནང་དུ་ཁྲིམས་འགལ་བྱེད་ཀྱི་ཡོད་པ་རྩིས་སྤྲོད་བྱེད་མཁན་བྱུང་ན་མི་དེར་རྒྱ་གཞུང་གིས་དངུལ་སྒོར་ཁྲི་གསུམ་ཡས་མས་རེ་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་བསྒྲགས་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG