ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༢༥

ཡུལ་སྐོར་བས་སྤང་གོང་མཚོ་ནང་དུ་རླངས་འཁོར་བཏང་བར་ཁ་རྡུང་།


༄༅།། རྒྱ་གར་བ་ཡུལ་སྐོར་སྤྲོ་འཆམ་པ་ཁག་ཅིག་གིས་ལ་དྭགས་ཕྱོགས་ཀྱི་སྤང་གོང་མཚོ་ནང་དུ་རླངས་འཁོར་བཏང་ནས་བརྒྱུགས་པ་དང་མཚོ་འགྲམ་དུ་ཅོག་ཙེ་ཞིག་བསླངས་ཡོད་པ་དེའི་སྟེང་དུ་ཨ་རག་ཤེལ་དམ་འགའ་དང་དེ་མིན་གྱི་བཏུང་བ་ཁག་ཅིག་བསྒྲིགས། ལ་དྭགས་པ་ཁོར་ཡུག་སྲུང་སྐྱོབ་པ་འཇིགས་མེད་ཟེར་བ་ཞིག་གིས་ཡུ་ཊུབ་དྲྭ་ལམ་ནས་རྙེད་པའི་བརྙན་ཐུང་དེ་སླར་ཡང་དྲྭ་ལམ་དུ་སྤེལ་ཏེ་རྒྱ་གར་བ་ཡུལ་སྐོར་སྤྲོ་འཆམ་པ་དེ་དག་གི་སྤྱོད་ངན་ཐེར་འདོན་བྱས་ནས་བཟུང་། རྒྱ་གར་གྱི་དྲྭ་དམངས་ཚོས་ཡུལ་སྐོར་སྤྲོ་འཆམ་པ་སྤྱོད་ངན་དེ་ཚོ་ཁྲིམས་ལ་སྦྱོར་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་ཁ་རྡུང་གི་འཕྲིན་ཐུང་མང་དག་ཅིག་སྤེལ་འདུག ཕྱི་ཟླ་༤་པའི་ཚེས་༡༢་ཉིན་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤང་གོང་མཚོ་ནང་དུ་བཏང་བའི་འཇར་མན་གྱི་ཨོ་ཌི་རླངས་འཁོར་དེའི་ཨང་རྟགས་ནི་གུ་རུ་གྷ་རམ་བྱང་ཕྱོགས་(HR 26)ཡིན་པ་བརྙན་ལམ་དུ་གསལ། ལ་དྭགས་པ་ཚོས་རླངས་འཁོར་དེའི་ཨང་རྟགས་བཙལ་ནས་ཞིབ་འཇུག་བྱས་པའི་སྐབས་སུ་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་ཀྱི་ཧ་རི་ཡ་ན་མངའ་སྡེའི་རླངས་འཁོར་ཨང་རྟགས་ཡིན་པ་ཤེས་རྟོགས་བྱུང་འདུག སྤང་གོང་མཚོ་ནང་དུ་རླངས་འཁོར་བཏང་བའི་གནས་ཚུལ་དེ་སྔ་ལོ་བྱུང་ཡང་ལ་དྭགས་ཀྱི་འཁོར་ཡུག་སྲུང་སྐྱོབ་པ་ཚོས་བསྐྱར་དུ་བརྙན་ཐུང་དེ་དྲྭ་ལམ་དུ་བཀྲམ་ནས་ལོ་འདིའི་དབྱར་དུས་ཡུལ་སྐོར་སྤྲོ་འཆམ་པ་ཚོས་སྤྱོད་ངན་སྤེལ་སྲིད་པ་སྔོན་འགོག་བྱེད་ཐུབ་པའི་དམིགས་ཡུལ་འཆང་འདུག

ལ་དྭགས་པ་འཇིགས་མེད་ཀྱིས་ངས་ངོ་གནོང་དགོས་པའི་བརྙན་ཐུང་འདི་དྲྭ་ལམ་དུ་བསྐྱར་འགྲེམ་བྱས་ཡོད། འགན་འཁྲི་གཏན་ནས་མི་ལེན་པའི་ཡུལ་སྐོར་སྤྲོ་འཆམ་པ་འདི་ཚོས་ལ་དྭགས་ཀྱི་གནོད་བཅུད་གཉིས་སྣུབ་ཀྱི་འདུག ལ་དྭགས་སུ་འདབ་ཆགས་ཀྱི་ཉེ་རིགས་༣༥༠་ལྷག་ཡོད་པ་དང་བྱ་བྱིའུ་དེ་དག་གིས་མང་ཆེ་བ་ནི་སྤང་གོང་མཚོ་ལྟ་བུའི་མཚོ་དང་མཚེའུ་རྣམས་ལ་བརྟེན་ཡོད་པ་ཤེས་སམ་ཞེས་མཆན་བཀོད། དེའི་འོག་ཏུ་སན་དིབ་ཕི་ལ་ཡེ་ཞེས་པ་ཞིག་གིས་མི་དེ་ཚོ་བཙོན་འཇུག་བྱེད་པར་རླངས་འཁོར་ནང་དུ་འཁྲིད་ན་སྐྱིད་པོ་ཡོང་རྒྱུ་ཨེ་རེད། ཁོ་ཚོ་ཉིན་ཤས་རིང་བཙོན་དུ་བཅུག་ནས་བསམ་ཞིག་ཤེས་འཇུག་དགོས་ཀྱི་འདུག་ཅེས་བྲིས། རྒྱ་གར་བ་དྲྭ་དམངས་གཞན་ཞིག་གིས་མི་དེ་ཚོ་རྩད་གཅོད་བྱེད་མི་ཐུབ་བམ། ཁོ་ཚོ་རྩད་གཅོད་བྱས་ནས་སྣ་སུན་ཞིག་འཕོག་དགོས་ཀྱི་འདུག་ཅེས་མཆན་བཀོད། རྒྱ་གར་བ་ཝི་བྷ་ཀར་ཞེས་པ་ཞིག་གིས་ཨོ་ཌི་རླངས་འཁོར་གཏོང་གི་ཡོད་པ་དང་ན་གཞོན་དེ་དག་གི་སྤྱོད་པར་བལྟས་ན་ཁྱིམ་ཚང་ཕྱུག་པོའི་བུ་ཕྲུག་ཡིན་པ་དང་སྲིད་དབང་འཛིན་པའི་མཐོ་རིམ་འགོ་ཁྲིད་ཚོར་འབྲེལ་བ་དམ་ཟབ་ཡོད་པ་ར་འཕྲོད་ཀྱི་འདུག ན་གཞོན་དེ་ཚོ་བསམ་མེད་ཡིན་པ་དང་རྒྱ་གར་མི་དམངས་ཀྱིས་རུལ་སུངས་ཀྱི་འགོ་ཁྲིད་ཚོ་འོས་འདེམས་བྱས་པའི་མཇུག་འབྲས་རེད་ཅེས་བྲིས། ན་ར་ཡན་མ་ལ་པུར་ཞེས་པ་ཞིག་གིས་རྒྱ་གར་གཞུང་ནས་ངེས་པར་དུ་ངོ་གནོང་དགོས་པའི་སྤྱོད་ངན་སྤེལ་མཁན་དེ་ཚོར་ཉེས་ཆད་གཅོད་དགོས། ཉེས་ཆད་མ་བཅད་ན་རང་བྱུང་ཁམས་ཀྱི་མཛེས་སྡུག་དེ་རྣམས་རྨེག་མེད་དུ་འཇོམས་རྒྱུ་རེད་ཅེས་མཆན་བཀོད། དྲྭ་དམངས་གཞན་ཞིག་གིས་རླངས་འཁོར་གྱི་ཨང་རྟགས་ལ་བལྟས་ན་ལྡི་ལིའི་ཡ་མེད་ཚོའི་རླངས་འཁོར་ཡིན་ས་རེད། ཁོ་ཚོས་ལྡི་ལི་དང་ས་གནས་གང་དུ་ཡིན་རུང་སྤྱོད་ངན་སྤེལ་རྒྱུ་ཆོས་ཉིད་རེད། ཕོ་གསར་འདི་ཚོ་དུས་ནམ་ཞིག་འགན་འཁྲི་ལེན་མཁན་ཞིག་ལ་འགྱུར་རྒྱུ་རེད་ཨང་ཞེས་ཞེན་པ་ལོག་པའི་མཆན་བྲིས། དྲྭ་དམངས་གཞན་ཞིག་གིས་ལ་དྭགས་ས་གནས་གཞུང་གིས་མཐའ་མཚམས་ཁག་ལ་སྒེར་འཁོར་བཏང་ནས་འགྲོ་རུ་འཇུག་རྒྱུ་བཀག་འགོག་བྱ་དགོས་ཞེས་བསམ་འཆར་བཏོན་འདུག

ཧི་མ་ལ་ཡའི་ལྗོངས་ཀྱི་ལ་དྭགས་ནི་སྐྱེ་ཁམས་གཉོམ་པོ་དང་གཏོར་བཤིག་འཕོག་སླ་བ། འཛམ་གླིང་གི་རྩི་ཤིང་མེ་ཏོག་དཀོན་རིགས་རྣམས་སྐྱེ་ཡུལ་ཞིག་ཡིན་ཞིང་། ༡༩༧༢་ལོར་རྒྱ་གར་གྱི་རི་སྐྱེས་སེམས་ཅན་སྲུང་སྐྱོབ་ཚོགས་པས་ངོ་ཐག་བཅད་པའི་རྩི་ཤིང་མེ་ཏོག་དང་སྲོག་ཆགས་རྣམས་འཛམ་གླིང་འདིར་རྩ་སྟོང་འགྲོ་ཉེན་ཡོད་པའི་རིགས་སུ་གཏོགས། སྤང་གོང་མཚོར་འབག་བཙོག་བྱེད་ན་ཁྲིམས་འགལ་ཡིན་པའི་ཁྲིམས་ཤིག་གཏན་ལ་ཕབ། རྒྱ་གར་གྱི་བང་ཆེན་ཚགས་པར་ལ་ལོ་ལྟར་རྒྱ་གར་ཕྱི་ནང་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོ་སྤང་གོང་མཚོར་ལྟད་མོ་ལྟ་རུ་འགྲོ་ཡི་ཡོད་པ་རེད། མི་ཚང་མས་རང་བྱུང་གི་མཛེས་སྡུག་དེ་ཉམས་སུ་མྱོང་གི་ཡོད་ཀྱང་སྤྱོད་ངན་ཡུལ་སྐོར་བ་ཁག་ཅིག་གིས་སྤང་གོང་མཚོ་ནང་དུ་རླངས་འཁོར་བཏང་བ་ནི་ཆེས་ཐ་ཤལ་གྱི་སྤྱོད་པ་ཞིག་རེད། རྒྱ་གར་གྱི་དྲྭ་དམངས་ཚོ་ཁོང་ཁྲོས་བརྟས་ནས་སྤྱོད་ངན་དེ་ཚོ་ཁྲིམས་ལ་སྦྱོར་དགོས་པའི་མཆན་འབྲི་བཞིན་པར་ཁག་མི་འདུག་ཅེས་གསར་འགྱུར་སྤེལ་འདུག རྒྱ་གར་གྱི་ཛི་གསར་འགྱུར་ལས་ཁང་གིས་ཀྱང་རྒྱ་གར་བ་དང་ཕྱི་རྒྱལ་བ་སུ་ཞིག་ཡིན་རུང་ལ་དྭགས་སུ་ཐེངས་གཅིག་སྤྲོ་འཆམ་དུ་བསྐྱོད་རྒྱུ་ནི་ཡུལ་སྐོར་བའི་དམིགས་ཡུལ་གཙོ་བོ་ཞིག་རེད། ལ་དྭགས་ཀྱི་ཡིད་དུ་འོང་བའི་གངས་རི་དང་གཡུ་ལྟར་སྔོ་བའི་སྤང་གོང་མཚོ་སོགས་ཀྱི་མཛེས་སྡུག་མྱོང་རྒྱུ་ཀུན་གྱི་མངོན་འདོད་རེད། ཡིན་ནའང་སྤྱོད་ངན་ཁག་ཅིག་གིས་སྤང་གོང་མཚོ་ནང་དུ་རླངས་འཁོར་བཏང་བ་ནི་ངོ་ཚ་དགོས་པའི་རྩིང་སྤྱོད་ཅིག་རེད་ཅེས་ཁ་རྡུང་བཏང་འདུག

ལ་དྭགས་ལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུ་ཅི་ཙམ་མང་དུ་སོང་ན་དེ་ཙམ་གྱིས་རང་བྱུང་ཁོར་ཡུག་འབག་བཙོག་དང་རི་སྐྱེས་སེམས་ཅན་གྱི་འཚོ་ཡུལ་ལ་དོ་ཕོག མི་གསུམ་བཞི་ཞིག་གིས་སྤང་གོང་མཚོ་ནང་དུ་རླངས་འཁོར་བཏང་ནས་སྤྱོད་ངན་སྤེལ་བ་ཙམ་གྱིས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་ཞིག་འཕོག་མི་ཐུབ་ཀྱང་ཡུལ་སྐོར་བ་གཞན་ལ་མིག་དཔེ་ངན་པ་བསྟན། དེང་སྐབས་འཛམ་གླིང་ཡོངས་སུ་སའི་གོའི་གཤམ་གཤིས་འགྱུར་ལྡོག་ཐེབས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་ཞེས་འབད་བརྩོན་བྱེད་ཀྱི་ཡོད་པར་གཏོར་བརླག་བྱས་པ་ཞིག་མཚོན་ཐུབ། རྒྱ་གར་དབུས་གཞུང་དང་ལ་དྭགས་ས་གནས་གཞུང་གིས་མཐའ་མཚམས་ཀྱི་ས་གནས་ཁག་ལ་ཆོག་མཆན་མེད་པར་འགྲོ་སྐྱོད་བྱེད་དུ་འཇུག་གི་མེད་ཀྱང་ས་གནས་གང་སར་འགྱིག་དམ་དང་འགྱིག་ཤོག་གཡུགས་ནས་ཁོར་ཡུག་འབག་བཙོག་བྱ་རྒྱུ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པར་མ་ཟད། ལ་དྭགས་ཀྱི་རི་ལུང་ཁག་གི་འགྱིག་ཤོག་སོགས་གཙང་སྦྲ་བྱེད་མི་ཐུབ་པའི་ཚད་དེར་སླེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག གལ་སྲིད་རྒྱ་གར་བའི་ཡུལ་སྐོར་སྤྲོ་འཆམ་པ་ཁག་ཅིག་གིས་སྤང་གོང་མཚོ་ནང་དུ་རླངས་འཁོར་བཏང་བར་ཁྲིམས་གཅོད་མ་བྱས་ཚེ། ཐེངས་རྗེས་མར་སྐྱེ་བོ་སྤྱོད་ངན་གཞན་ཁག་ཅིག་གིས་སྤང་གོང་མཚོ་ནང་དུ་མགྱོགས་གྲུ་བཏང་སྟེ་མགྱོགས་ཚད་བསྡུར། མཚོ་མོའི་ཕྱི་ནང་གཉིས་ཀྱི་སྐྱེ་ཁམས་ལ་གཏོར་བཤིག་ཚབས་ཆེན་འཕོག་རྒྱུའི་ཉེན་ཁ་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG