ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཚེ་དབང་ནོར་བུའི་ཕ་ཆོས་རྒན་གྱིས་རང་སྲོག་བཅད།


༄༅།། རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་བོད་ཀྱི་གཞས་པ་ཚེ་དབང་ནོར་བུའི་ཕ་ཆོས་རྒན་གྱིས་རང་སྲོག་བཅད་ནས་གྲོངས་ཡོད་པའི་གནས་ཚུལ་ཞིག་འདི་ག་རླུང་འཕྲིན་ཁང་དུ་འབྱོར་ཡོད་ཅིང་། ཕྱི་ཟླ་༥་པའི་ཚེས་༡༡་ཉིན་གསར་འགྱུར་མཁོ་སྤྲོད་པས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། ཚེ་ནོར་འདས་པོའི་ཕ་ཆོས་རྒན་གྱིས་དུས་ནམ་ཚོད་དང་རང་སྲོག་ཇི་ལྟར་བཅད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཐབས་མེད་ཀྱང་ཚེ་དབང་ནོར་བུས་རང་སྲེག་ངོ་རྒོལ་བྱས་པའི་རྗེས་སུ་ཕ་ཆོས་རྒན་ལ་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་གནོན་ཤུགས་སྤྲད་ནས་སུན་གཙེར་མང་པོ་བྱས་འདུག

Tsewang Norbu ཚེ་དབང་ནོར་བུ་
Tsewang Norbu ཚེ་དབང་ནོར་བུ་

ཚེ་དབང་ནོར་བུས་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༥་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཤིང་། དེའི་རྗེས་སུ་གནས་ཚུལ་འབྱུང་ཁུངས་ཁ་ཤས་ཀྱིས་ཚེ་དབང་ནོར་བུ་གྲོངས་པ་རེད་ཅེས་བོད་ཕྱི་ནང་གཉིས་སུ་མཆོད་འབུལ་དང་སྨོན་ལམ་ཚོགས། ཡང་ཁ་ཤས་ཀྱིས་ཚེ་དབང་ནོར་བུ་ལྷ་སའི་དམག་མིའི་སྨན་ཁང་དུ་རྒྱ་ནག་གི་བཀོད་འདོམས་འོག་བཀག་འདུག་ཅེས་བཀྲལ། དེ་བཞིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་པ་ཞིག་གི་དྲི་བར་ལན་འདེབས་བྱས་པའི་སྐབས་སུ་ཚེ་དབང་ནོར་བུར་སྨན་བཅོས་བྱེད་བཞིན་པའི་བཟོ་འདྲ་ཞིག་བཤད་ཡོད་པ་རེད།།

ཆོས་རྒན་ནི་ལོ་མང་རིང་ནག་ཆུ་ས་ཁུལ་གྱི་ཟློས་གར་ཚོགས་པའི་གཞས་ཚིག་དང་དབྱངས་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། ཁོང་བོད་ཀྱི་མངའ་རིས་སྒྲ་སྙན་དཀྲོལ་བར་མཁས་པོ་ཡོད་པ་རེད། ཚེ་དབང་ནོར་བུ་ཡང་ཆུང་དུས་ནས་ཕ་ཆོས་རྒན་དང་མཉམ་དུ་གླུ་གཞས་དང་རོལ་དབྱངས་ལ་དོ་སྣང་བྱུང་། འདས་པོ་དེར་གླུ་གཞས་སྒྱུ་རྩལ་གྱི་ཤུགས་རྐྱེན་ཐེབས་མཁན་གཙོ་བོ་ནི་ཕ་ཆོས་རྒན་རེད་ཅེས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG