ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༡༡/༢༨

ཌོ་ནལ་ཊམ་གྱིས་དཔྱ་ཁྱལ་ཡིག་ཆ་སྦེད་ཐབས་སུ་ཁྲིམས་གཏུགས། 


༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁོ་བོས་ལོ་མང་རིང་དཔྱ་ཁྱལ་ཅི་ཙམ་འཇལ་ཡོད་མེད་ཀྱི་ཡིག་ཆ་རྣམས་ཕྱིར་བསྒྲགས་མ་བྱས་པར་འཇོག་དགོས། གྲོས་ཚོགས་འོག་མའི་ཕྱི་ཟླ་དང་པོའི་ཚེས་༦་གི་ཞིབ་འཇུག་ཚོགས་ཆུང་ལ་དཔྱ་ཁྲལ་གྱི་ཡིག་ཆ་རྣམས་མཁོ་སྤྲོད་བྱེད་མི་ཆོག་ཅེས་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་འདུག ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་ཨ་རིའི་གྲོས་ཚོགས་ཁང་ལ་དཔུང་རྒོལ་བྱུང་། འདས་པའི་ལོ་གཅིག་ལྷག་ལ་དམངས་གཙོ་ཚོགས་པས་དབང་བསྒྱུར་བྱེད་བཞིན་པའི་ཨ་རིའི་གྲོས་ཚོགས་འོས་མས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་ཅི་ཞིག་བྱས་ཡོད་མེད་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་ཨ་མི་རི་ཀའི་སྲིད་དབང་ཆ་བགོའི་ལམ་ལུགས་ལ་གྲོས་ཚོགས་ཀྱིས་འགལ་འཛོལ་བྱེད་ཀྱི་འདུག མ་འོངས་པའི་སྲིད་འཛིན་རྣམས་ལའང་ཤུགས་རྐྱེན་ངན་པ་ཐེབས་ཀྱི་རེད། གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་གིས་ཁྲལ་བསྡུ་ལས་ཁུངས་ལ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ནས་དཔྱ་ཁྲལ་ཅི་འཇལ་གྱི་ཡིག་ཆ་རྣམས་ཕྱིར་བསྒྲགས་བྱེད་དགོས་པའི་བཀོད་ཁྱབ་བཏང་བ་ནི་ཞིབ་འཇུག་ལས་དོན་ལ་འབྲེལ་བ་མེད་པ་ཞིག་རེད་ཅེས་རྩོད་པ་བརྒྱབ། བདུན་ཕྲག་སྔོན་མར་ཝ་ཤིང་ཊོན་གྱི་དབུས་གཞུང་གི་འབྲིང་རིམ་ཁྲིམས་ཁང་གི་ཁྲིམས་ཞིབ་པ་གསུམ་ནས་ཌོ་ནལ་ཊམ་གྱི་དཔྱ་ཁྲལ་ཡིག་ཆ་རྣམས་གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་ལ་སྤྲོད་དགོས་ཞེས་ཐག་བཅད། ལོ་འདིའི་མགོ་སྟོད་དུ་ཁྲིམས་ཁང་དེའི་ཁྲིམས་ཞིབ་པ་གསུམ་པོས་གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་ལ་ཌོ་ནལ་ཊམ་ནས་དཔྱ་ཁྲལ་ཅི་འཇལ་གྱི་ཡིག་ཆ་ཁག་ལ་བལྟ་ཆོག་པའི་ཐོབ་ཐང་ཡོད་ཅེས་དཔྱད་ཁྲ་བསྒྲགས།།

ཨ་རིའི་སྲིད་འཛིན་ཚང་མས་ལོ་ལྟར་དབུས་གཞུང་དང་མངའ་སྡེ་གཞུང་ལ་དཔྱ་ཁྲལ་ཅི་ཙམ་འཇལ་གྱི་ཡོད་མེད་ཀྱི་ཡིག་ཆ་ཁག་ཡོངས་གྲགས་སུ་གསར་འགོད་པ་ཚོར་འགྲེམ་སྲོལ་ཡོད་མོད། འོན་ཀྱང་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ལོ་མང་རིང་དབུས་གཞུང་ལ་དཔྱ་ཁྲལ་ཅི་ཙམ་བརྒྱབ་ཡོད་མེད་ཀྱི་ཡིག་ཆ་རྣམས་སྦས་གསང་བྱས་ནས་ཕྱི་རུ་མ་བཀྲམ། ཁོ་པས་གྲོས་ཚོགས་ཀྱིས་སྲིད་འཛིན་ཟུར་པ་ཞིག་གི་དཔྱ་ཁྲལ་ཡིག་ཆར་ཞིབ་འཇུག་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་ནི་རྩ་ཁྲིམས་ལ་རྒྱབ་འགལ་ཡིན་པ་དང་ཁྲིམས་དོན་གྱི་དགོས་མཁོ་ཚང་བ་ཞིག་མ་རེད་ཅེས་སྒྲུབ་བྱེད་བཀོད། ད་ལོའི་ཕྱི་ཟླ་༨་པར་ཁྲིམས་ཁང་གིས་གྲོས་ཚོགས་ནས་སྲིད་འཛིན་ལས་ཐོག་དེ་འཕོ་འགྱུར་ཕྱིན་པའི་རྗེས་སུ་ཡིག་ཆ་ཁག་ཕྱི་རུ་བསྟན་ནས་ཞིབ་འཇུག་བྱ་རྒྱུའི་ཉེན་བརྡ་གཏོང་སྲིད། སྲིད་འཛིན་སུ་ཞིག་ཡིན་རུང་ལས་འཁྱུར་རྗེས་སུ་སྤྱི་དམངས་གཞན་ལྟར་ཁྲིམས་འོག་ཏུ་འདུ་དགོས་པ་ཤེས་དགོས་ཀྱི་རེད། དེ་ནི་ང་ཚོའི་སྤྱི་མཐུན་དམངས་གཙོའི་ལམ་ལུགས་ཀྱི་ཁྱད་ཆོས་ཡིན་པ་ལས་སྐྱོན་ཞིག་མ་རེད་ཅེས་བཅད་ཁྲའི་ནང་དུ་བཀོད། ༢༠༡༩་ལོར་ཨ་རིའི་གྲོས་ཚོགས་འོག་མའི་དཔྱ་ཁྲལ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་དམངས་གཙོ་ཚོགས་པའི་འཐུས་མི་རི་ཆར་ཌི་ནིལ་གྱིས་ཁྲལ་བསྡུ་ལས་ཁུངས་ལ་ཌོ་ནལ་ཊམ་གྱི་ལོ་ལྔའི་དཔྱ་ཁྱལ་ཡིག་ཆ་རྣམས་གྲོས་ཚོགས་ལ་སྤྲོད་དགོས་ཞེས་རེ་བ་བཏོན། སྐབས་དེའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ནོར་སྲིད་ལྷན་ཁང་གིས་ཁྲལ་བསྡུ་ལས་ཁུངས་ལ་སྲིད་འཛིན་ལས་ཐོག་ཅིག་གི་དཔྱ་ཁྱལ་ཡིག་ཆ་རྣམས་གྲོས་ཚོགས་ལ་སྤྲོད་མི་ཆོག་ཅེས་བཀག ཁ་སང་གཟའ་ཟླ་བའི་ཉིན་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཆེས་མཐོའི་ཁྲིམས་ཁང་ལ་ཕུལ་བའི་གཏུགས་བཤེར་སྙན་ཞུའི་ནང་དུ་ཁ་མཆུ་འདིར་ཆེས་མཐོའི་ཁྲིམས་ཁང་གིས་ཞིབ་འཇུག་བྱ་དགོས། གྲོས་ཚོགས་ཀྱིས་ནམ་ཡང་སྲིད་འཛིན་ཞིག་གི་དཔྱ་ཁྲལ་ཡིག་ཆ་སྟོན་དགོས་ཞེས་ཐེ་གཏོགས་བྱས་མྱོང་མེད། ཝ་ཤིང་ཊོན་གྱི་དབུས་གཞུང་གི་འབྲིང་རིམ་ཁྲིམས་ཁང་གི་ཐག་གཅོད་དེར་ཕྱིས་སུ་མཇུག་འབྲས་ཚབས་ཆེན་ཞིག་སྨིན་ཤས་ཆེ་ཞེས་རྒྱུ་མཚན་བགྲངས།།

ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་དཔྱ་ཁྲལ་འཇལ་བའི་ཡིག་ཆ་རྣམས་ཕྱིར་བསྒྲགས་བྱེད་ཀྱི་མེད་པར་རྒྱུ་མཚན་ལྔ་འདུག གཅིག་ནི་ཌོ་ནལ་ཊམ་གྱིས་རང་ཉིད་ཕྱུག་པོ་ཡིན་ཟེར་གྱི་ཡོད་པ་ལྟར་ཕྱུག་པོ་མིན་པ་ཡིན་སྲིད། ༢༠༡༥་ལོར་ཌོ་ནལ་ཊམ་གྱིས་རང་ལ་ཨ་སྒོར་ཐེར་འབུམ་༡༠་ཡན་ཆད་ཡོད་ཅེས་གསལ་བསྒྲགས་སྤེལ། ལོ་དེར་ཧྥོབ་སི་དངུལ་རྩ་ཞིབ་འཇུག་གསར་ཁང་གིས་ཌོ་ནལ་ཊམ་གྱིས་རང་ལ་ཡོད་ཟེར་གྱི་ཡོད་པ་དེའི་མ་རྩ་ཕྱེད་ཀ་ཡང་མི་འདུག་ཅེས་ཐེར་འདོན་བྱུང་། ད་ལྟ་དཔྱ་ཁྲལ་གྱི་ཡིག་ཆ་རྣམས་ཕྱིར་བསྒྲགས་བྱུང་ན་ཌོ་ནལ་ཊམ་གྱིས་རང་ཉིད་གཞན་དང་མ་འདྲ་བར་འཇོན་པོ་དང་ཕྱུག་པོ་ཡིན་ཞེས་ཚུལ་ཆོས་བྱེད་ཀྱི་ཡོད་པའི་རྫུན་རྐུབ་བརྡོལ་སྲིད་པར་སྐྲག་གི་ཡོད་པ་ཡིན་སྲིད། གཉིས་པ་ནི་ཁོ་པས་དཔྱ་ཁྲལ་མང་པོ་འཇལ་གྱི་ཡོད་ཟེར་ཡང་དཔྱ་ཁྲལ་འཇལ་མེད་པ་ཡིན་སྲིད། ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པས་ཌོ་ནལ་ཊམ་གྱིས་ལོ་༡༨་ཀྱི་ནང་ནས་ལོ་༡༡་ལ་དབུས་གཞུང་གི་དཔྱ་ཁྲལ་གཅིག་ཀྱང་འཇལ་མི་འདུག་ཅེས་གནས་ཚུལ་སྤེལ། ཐ་ན་༢༠༡༧་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་ལོ་དང་པོ་དེར་དབུས་གཞུང་ལ་ཨ་སྒོར་༧༥༠་མ་གཏོགས་དཔྱ་ཁྲལ་འཇལ་མེད་པ་ར་འཕྲོད། ཨ་རིའི་འབྱོར་ལྡན་པ་གཞན་ཚོར་བསྡུར་ན་ལོ་དེར་ཌོ་ནལ་ཊམ་གྱིས་ཨ་སྒོར་དུང་ཕྱུར་༤་དཔྱ་ཁྲལ་ཉུང་བ་བརྒྱབ་ཡོད་པའི་གནས་ཚུལ་ཐོན། གསུམ་པ་ནི་༢༠༡༠་ལོར་ཌོ་ནལ་ཊམ་གྱིས་ཨ་སྒོར་ས་ཡ་༧༣་དཔྱ་ཁྲལ་ཕྱིར་སློག་བླངས་པར་ཐུག་ཡོད་པ་ཡིན་སྲིད། ༢༠༡༠་ལོར་ཌོ་ནལ་ཊམ་གྱིས་ཚོང་ལས་མ་རྩ་བརྡིབས་སོང་ཞེས་དབུས་ཁྲལ་བསྡུ་ལས་ཁུངས་ནས་ཨ་སྒོར་ས་ཡ་༧༣་བླངས། ༢༠༡༡་ནས་དབུས་ཁྲལ་བསྡུ་ལས་ཁུངས་ནས་ཌོ་ནལ་ཊམ་གྱི་ཚོང་ལས་མ་རྩ་བརྡིབས་ཡོད་མེད་ཞིབ་འཇུག་བྱས་ཀྱང་༢༠༢༠་ལོར་ཡང་ཞིབ་འཇུག་གི་འབྲས་བུ་མ་ཐོན། གཅིག་བྱས་ན་ཌོ་ནལ་ཊམ་གྱིས་ཁྲལ་དངུལ་ཕྱིར་ལེན་བྱས་པ་རྣམས་གསང་ཐབས་དང་ཨ་སྒོར་ས་ཡ་༧༣་ཕྱིར་སློག་བྱ་རྒྱུར་གཡོལ་ཐབས་བྱེད་ཀྱི་ཡོད་པ་ཡིན་སྲིད། བཞི་པ་ནི་ཌོ་ནལ་ཊམ་གྱིས་ཕྱིའི་རྒྱལ་ཁབ་ཁག་གམ། ཡང་ན་ཕྱི་རྒྱལ་བ་སྒེར་པ་ཚོར་དངུལ་སྒོར་བུ་ལོན་ཆད་ཡོད་པ་ཡིན་སྲིད། ང་ཚོས་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཟུར་པ་མེ་ཁེལ་ཀོ་ཧན་གྱིས་གྲོས་ཚོགས་ལ་སྙེན་སེང་ཞུས་པ་ལྟར་ཌོ་ནལ་ཊམ་ནས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་ཁང་ཆེན་ཞིག་འཛུགས་སྐྲུན་བྱ་ཐབས་བྱས་པར་མ་ཟད། ཌོ་ནལ་ཊམ་གྱི་ཚོང་ལས་དེར་ཨུ་རུ་སུ་ནས་དངུལ་སྒོར་མ་རྩ་བཙུགས་ཡོད་སྲིད་པའི་ཉེན་ཁ་ཆེ། ལྔ་པ་ནི་ཁོ་པས་དགེ་རྩ་ཚོགས་པ་ཁག་ལ་ཞལ་འདེབས་མང་པོ་སྤྲད་མེད་པའམ། ཡང་ན་ཞལ་འདེབས་གཏན་ནས་སྤྲད་མེད་པ་བཅས་ལ་ཐུག་ཡོད་པ་ཡིན་སྲིད། ཌོ་ནལ་ཊམ་གྱིས་དགེ་རྩ་ཚོགས་པ་ཁག་ལ་ཞལ་འདེབས་མང་པོ་སྤྲོད་ཀྱི་ཡོད་ཅེས་འུར་སྒྲོགས་བྱས་ནས་ཆབ་སྲིད་ཀྱི་ཁེ་ཕན་བླངས། ཡིན་ནའང་ཁོ་པས་དོན་དངོས་སུ་དངུལ་སྒོར་ཅི་ཙམ་ཞལ་འདེབས་སྤྲད་ཡོད་མེད་དང་ཁོ་པ་ངོ་མར་གཏོང་ཕོད་ཅན་ཞིག་ཡིན་མིན་བཤད་དཀའ་ཞེས་གནས་ཚུལ་སྤེལ་འདུག

ཨ་རིའི་ཕྱུག་བདག་ཚོས་དངུལ་སྒོར་ཕོན་ཆེན་ཞལ་འདེབས་སྤྲོད་མི་དགོས་ཀྱང་འབྱོར་ལྡན་པ་མང་པོས་ཞལ་འདེབས་སྤྲད། གལ་སྲིད་དཔྱ་ཁྲལ་གྱི་ཡིག་ཆ་རྣམས་ཕྱི་ལ་ཐོན་ན་ཌོ་ནལ་ཊམ་གྱིས་དགེ་རྩ་ཚོགས་པ་ཁག་ལ་ཞལ་འདེབས་སྤྲད་ཡོད་མེད་གསལ་སྟོན་འབྱུང་རྒྱུ་ཡིན་པས་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ནས་དཔྱ་ཁྲལ་གྱི་ཡིག་ཆ་རྣམས་སྦས་གསང་བྱ་ཐབས་བྱེད་ཀྱི་ཡོད་པ་ཡིན་སྲིད། ཌོ་ནལ་ཊམ་གྱིས་རྒྱུ་མཚན་གང་ལ་བརྟེན་ནས་དཔྱ་ཁྲལ་གྱི་ཡིག་ཆ་རྣམས་ཕྱིར་བསྒྲགས་བྱེད་དུ་འཇུག་གི་མེད་པ་བཤད་མི་ཐུབ་ཀྱང་འདས་པའི་ལོ་༧་གྱི་དཔྱ་ཁྲལ་ཡིག་ཆ་རྣམས་ཤི་གསང་རོ་གསང་བྱེད་ཀྱི་ཡོད་པ་ཤིན་ཏུ་གསལ། དེས་ན་མི་ཚང་མས་ཌོ་ནལ་ཊམ་གྱིས་ཅི་ཞིག་སྦེད་ཀྱི་ཡོད་པ་ཡིན་ནམ་ཞེས་རང་བཞིན་གྱིས་དོགས་པ་མི་བྱེད་ཀ་མེད་ཡིན་པའི་གནས་ཚུལ་ཐོན། གཟའ་ཟླ་བའི་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནེའུ་ཡོཀ་མངའ་སྡེ་གཞུང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཚོང་ལས་ཚོགས་པ་དང་ཕྲུ་གུ་ཚོས་ལོ་བཅོ་ལྔར་དཔྱ་ཁྲལ་ཐོག་ཏུ་གཡོ་ཁྲམ་བྱས་ནས་ཁྲིམས་འགལ་བྱས་འདུག་ཅེས་ནག་ཉེས་བཙུགས། གཟའ་འཁོར་འདི་ནས་ནེའུ་ཡོཀ་མངའ་སྡེ་གཞུང་གི་ཆེས་མཐོའི་ཁྲིམས་ཁང་གིས་གྱོད་གཞི་དེར་ཁྲིམས་ཞིབ་བྱ་རྒྱུ་འགོ་ཚུགས། ཌོ་ནལ་ཊམ་གྱིས་ཕྲུ་གུ་ཚོས་ཌ་ལ་ཝར་མངའ་སྡེར་ཊམ་གྱི་ཚོང་ལས་ཚོགས་པ་གཉིས་པ་ཞིག་བཙུགས་ནས་རྒྱུ་དངོས་རྣམས་སྐྱེལ་འདྲེན་དང་གནས་གཞིས་སྤོར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག ཅི་སྟེ་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་ཝ་ཤིང་ཊོན་གྱི་དབུས་གཞུང་གི་འབྲིང་རིམ་ཁྲིམས་ཁང་གི་ཐག་གཅོད་སོར་འཇོག་བྱས་པ་དང་ཌོ་ནལ་ཊམ་གྱིས་དཔྱ་ཁྲལ་ཡིག་ཆ་རྣམས་སྟོན་དགོས་ཞེས་ཐག་གཅོད་བྱེད་ཚེ། ཁོ་པས་དབུས་གཞུང་དང་མངའ་སྡེ་གཞུང་ལ་དཔྱ་ཁྲལ་ཅི་ཙམ་འཇལ་ཡོད་མེད། ཨ་རིའི་སྤྱི་ཚོགས་སུ་ཌོ་ནལ་ཊམ་གྱིས་དཔྱ་ཁྲལ་ཐོག་ཏུ་གཡོ་ཁྲམ་བྱེད་ཀྱི་ཡོད་པ་རེད་ཅེས་དོགས་པ་དང་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རྣམས་ལུང་ཁུངས་ཡོད་མེད་གསལ་པོ་ཆགས་ཐུབ། ཌོ་ནལ་ཊམ་གྱིས་རང་གི་དུས་ལས་སྐབས་སུ་བསྐོ་བཞག་བྱས་པའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་གསུམ་གྱིས་སྐྱོབ་སྲིད་པའི་རེ་ལྟོས་འཆང་གི་ཡོད་ཀྱང་ད་སྔ་ཁྲིམས་ཞིབ་པ་ཚོས་རྩ་ཁྲིམས་གོང་བཀུར་བྱས་ནས་ཐེངས་གཉིས་ལ་མ་བསྐྱབས།།

ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་མཐུན་ཚོགས་པའི་ལས་སྣེ་ཚོས་ལྐོག་ཏུ་ལོ་འདིའི་བར་མའི་འོས་བསྡུའི་རྗེས་སུ་དབུས་ཁྲིམས་འཛིན་ལྷན་ཁང་གིས་ཉི་མ་༦༠་ནས་ཉི་མ་༩༠་ཐམ་པའི་ནང་ཚུད་དུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་དངོས་སུ་ཉེས་འཛུགས་བྱ་རྒྱུ་དང་༢༠༢༤་ལོའི་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་མགོ་མ་བརྩམས་གོང་དུ་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་ས་རེད་ཅེས་གླེང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མིའི་ལས་སྣེ་ཁག་དང་སྲིད་དོན་ཚོགས་པའི་འཐབ་ཇུས་བ་ཉམས་མྱོང་ཅན་ཚོས་སྤྱི་ཁྱབ་ཁྲིམས་འཛིན་པ་གྷར་ལན་ཌིས་ཅི་ཞིག་བྱ་འཆར་ཡོད་མེད་ནི་ང་ཚོས་ཤེས་རྟོགས་གང་ཡང་བྱུང་མེད། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྤྱི་ཁྱབ་ཁྲིམས་འཛིན་པར་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱས་ནས་ཁྲིམས་ལ་སྦྱོར་དགོས་ཞེས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་འདུག སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཌོ་ནལ་ཊམ་ཁྲིམས་ལ་སྦྱར་ན་ཨ་མི་རི་ཀ་སྔར་ལས་ཤོག་ཁག་གཉིས་སུ་ཆད། ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་སྤྱི་ཁྱབ་ཁྲིམས་འཛིན་པས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་སྲིད་འཛིན་ཟུར་པ་དེར་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད་ཅེས་ཁ་རྡུང་གཏོང་རྒྱུ་ཉག་གཅིག་ཡིན་པའི་ཉེན་བརྡ་བཏང་འདུག སྤྱི་མཐུན་ཚོགས་པས་ལས་སྣེ་གཞན་ཞིག་གིས་ཌོ་ནལ་ཊམ་ཁྲིམས་ལ་སྦྱར་ན་ཁོ་པར་གནོད་རྒྱུའི་ཚབ་ཏུ་ཕན་ཐོགས་འབྱུང་གི་རེད། སྤྱི་མཐུན་ཚོགས་པའི་ཁོངས་སུ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བ་མང་པོ་ཡོད་པ་དང་རྒྱབ་སྐྱོར་བ་དེ་ཚོར་སྔར་ལས་ལྷག་པའི་ངར་ཤུགས་ལང་གི་རེད་ཅེས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG