ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཊམ་གྱིས་ཁ་རས་གྱོན་པ་ནི་རྒྱལ་གཅེས་རིང་ལུགས་ཡིན་ཟེར། 


ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཨ་རིའི་དམག་གི་སྨན་ཁང་ཞིག་ལ་གཟིགས་ཞིབ་ཏུ་ཕེབས་པའི་སྐབས་སུ་ཁ་རས་གྱོན་པ། ༢༠༢༠།༧།༡༡

༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཟླ་བ་མང་པོར་ཁ་རས་གྱོན་རྒྱུ་ནི་གནད་འགག་ཅིག་མ་རེད་ཅེས་ཨུ་ཚུགས་བརྒྱབ། ཉེ་དུས་ཤིག་ནས་ཨ་མི་རི་ཀར་སླར་ཡང་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱི་ལངས་ཕྱོགས་ལ་འགྱུར་བ་ཐེབས། ཁོང་གིས་མི་མང་པོ་ཞིག་སྤྱི་ཚོགས་རྒྱང་བཀྱེད་བྱེད་ཐུབ་ཀྱི་མེད་པས་ཁ་རས་གྱོན་རྒྱུ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྤྱོད་པ་ཞིག་རེད་ཟེར་གྱི་འདུག དེས་ན་ཁྱེད་ཚོའི་ཆེས་དགའ་མོས་ཀྱི་སྲིད་འཛིན་ང་ལས་ལྷག་པའི་རྒྱལ་གཅེས་རིང་ལུགས་པ་ཞིག་མེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཁ་སང་གཟའ་ཟླ་བའི་ཕྱི་དྲོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་ཏོག་དབྱིབས་ནད་དུག་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས་བསྐྱར་དུ་འཚོགས་རྒྱུ་ཡིན། ངས་གསར་འགོད་ལྷན་ཚོགས་སྐོང་བཞིན་པར་མི་མང་པོ་ཞིག་གིས་ལྟ་ཉན་བྱེད་ཀྱི་འདུག་ཅེས་བསྒྲགས། ད་ལོའི་ཕྱི་ཟླ་༤་པའི་ཟླ་མཇུག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས་ཁག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཆབ་སྲིད་ཀྱི་ཐོག་ཏུ་གནོད་པ་འབྱུང་བའམ། ཡང་ན་ཁོང་གིས་ཐལ་ཆ་ཆེ་བའི་བཀའ་མོལ་གསུང་རྒྱུ་མང་དྲགས་ན་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་ལ་གནོད་སྲིད་ཅེས་ནང་མོལ་བྱས་ནས་གསར་འགོད་ལྷན་ཚོགས་མཚམས་བཞག ད་ལྟ་ཨ་མི་རི་ཀའི་མངའ་སྡེ་ཕལ་མོ་ཆེར་ཏོག་དབྱིབས་རིམས་ནད་བསྐྱར་དུ་ཁྱབ་ཀྱི་ཡོད་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རིམས་ནད་སྔོན་འགོག་གི་ལས་དོན་སྒྲུབ་ཐུབ་ཀྱི་མི་འདུག་ཅེས་མང་ཚོགས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པས་གསར་འགོད་ལྷན་ཚོགས་རྣམས་བསྐྱར་དུ་འཚོགས་རྒྱུའི་ཐག་བཅད།།

ཕོ་བྲང་དཀར་པོར་ཏོག་དབྱིབས་ནད་དུག་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས། ༢༠༢༠།༢།༢༩
ཕོ་བྲང་དཀར་པོར་ཏོག་དབྱིབས་ནད་དུག་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས། ༢༠༢༠།༢།༢༩

སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་རྗེས་འབྲང་བ་ཚོར་ཁ་རས་གྱོན་པ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྤྱོད་པ་ཞིག་ཡིན། ཁ་རས་གྱོན་ན་ཏོག་དབྱིབས་ནད་དུག་འགོག་ཐུབ་ཀྱི་འདུག་ཅེས་སྐུལ་ལྕག་བཏང་སྟེ་ཆེས་ཐོག་མར་ནད་དུག་དེ་ཚབས་ཆེན་ཞིག་ཡིན་པ་ངོས་ལེན་བྱེད་པ་མཚོན་ཐུབ། ཨ་རིའི་ཕོ་བྲང་དཀར་པོའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་སྨན་པ་དང་ཨ་རིའི་ནད་རིགས་སྔོན་འགོག་ལས་ཁུངས་ཀྱི་འགོ་ཁྲིད་ཚོས་ཟླ་བ་མང་པོར་མི་དམངས་ལ་ཁ་རས་གྱོན་ན་རང་གཞན་གཉིས་ཀྱི་བདེ་ཐང་ལ་ཕན་ཐོགས་ཡོད་ཅེས་སྐུལ་ལྕག་བཏང་ཡོད་ཅིང་། ཁ་སང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁ་རས་གྱོན་ཡོད་པའི་འདྲ་པར་ཞིག་བཀྲམ་པ་ནི་འདྲ་པར་གསར་པ་ཞིག་མིན་པ་སྟེ། བདུན་ཕྲག་རེ་ཟུང་སྔོན་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཨ་རིའི་དམག་གི་སྨན་ཁང་ཞིག་ལ་གཟིགས་ཞིབ་ཏུ་ཕེབས་པའི་སྐབས་སུ་ཁ་རས་ཐེངས་གཅིག་གྱོན་པ་དེའི་འདྲ་པར་རྙིང་པ་དེ་བཀྲམ་འདུག འདས་པའི་བདུན་ཕྲག་འགའ་ཞིག་གི་རིང་ལ་ཨ་མི་རི་ཀའི་མངའ་སྡེ་མང་དག་ཅིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཉིན་རེ་བཞིན་ཟིན་ཐོ་བརྒལ་གྱི་ཡོད་པར་མ་ཟད། ཨ་མི་རི་ཀའི་མི་དམངས་འོས་ཤོག་འཕེན་མཁན་མང་ཆེ་བས་སྲིད་འཛིན་ཌོ་ནལ་ཊམ་གྱི་ལས་དོན་སྒྲུབ་ཕྱོགས་ལ་འདོད་པ་ཁེངས་ཀྱི་མེད་པ་གསལ་པོར་བསྟན། ལོ་འདིའི་ཕྱི་ཟླ་༡༡་པར་སྲིད་འཛིན་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་ཡོང་རྒྱུའི་གོ་སྐབས་ཀྱང་ཆུང་དུ་འགྲོ་བཞིན་ཡོད་པས་ཁ་རས་གྱོན་རྒྱུ་དང་ཕོ་བྲང་དཀར་པོར་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་ཉིན་རེའི་གསར་འགོད་ལྷན་ཚོགས་འཚོགས་ནས་མང་ཚོགས་ཀྱི་ལྟ་ཕྱོགས་སྒྱུར་ཐབས་བྱ་དགོས་པའི་མོས་མཐུན་བྱུང་།།

ཕྱི་ཟླ་༧་པའི་ཚེས་༢༠་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་ཏེ་ཧྥུ་ལོ་རི་ཌ་དང་ཊེཀ་སེ་སི། ད་དུང་ཨ་རིའི་མངའ་སྡེ་འགའ་ཞིག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་འདུག ངས་ཀྱང་དེ་ལ་དོ་ཁུར་བླངས་ནས་གསར་འགོད་ལྷན་ཚོགས་བསྐོང་རྒྱུ་འགོ་འཛུགས་རྒྱུ་ཡིན་ཞེས་བཤད། དེའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་པ་ཚོར་སྐྱེ་བོ་མང་དག་ཅིག་གིས་ང་ཚོ་གཟུགས་མེད་ཀྱི་རྒྱ་ནག་གི་ནད་དུག་འདིར་འཐབ་རྒོལ་བྱེད་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་རེད་ཟེར་གྱི་འདུག སྐྱེ་བོ་མང་དག་ཅིག་གིས་ཁ་རས་གྱོན་པ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྤྱོད་པ་ཞིག་རེད་ཟེར། འོ་ན་ཁྱེད་ཚོའི་སྲིད་འཛིན་ང་ལས་ལྷག་པའི་རྒྱལ་གཅེས་རིང་ལུགས་པ་ཞིག་མེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ཁ་རས་གྱོན་དགོས་པའི་བརྡ་ཞིག་བཏང་ཞིང་། སྲིད་འཛིན་གཞོན་པ་མེཀ་ཕེན་སིས་ཁ་རས་གྱོན་ན་ཏོག་དབྱིབས་ནད་དུག་ཤུགས་ཆེན་པོ་ཞིག་འགོག་ཐུབ་ཀྱི་འདུག་ཅེས་བཤད། དེང་སྐབས་ཨ་རིའི་སྤྱི་ཚོགས་སུ་ཁ་རས་གྱོན་དང་མ་གྱོན་པ་གཉིས་ཆབ་སྲིད་ཀྱི་རྩ་དོན་ཆེན་པོ་ཞིག་ལ་གྱུར་ནས་ཁ་རས་གྱོན་མཁན་རྣམས་སྲིད་འཛིན་ཌོ་ནལ་ཊམ་མི་དགའ་མཁན་དང་ཨ་རིའི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་གཡོན་ཤོག་པ་ཚོ་རེད་ཅེས་ཞྭ་མོ་གཡོགས། ཁ་རས་མི་གྱོན་མཁན་རྣམས་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་པ་ཡིན་པ་དང་ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཚབས་ལ་ངོས་ལེན་མི་བྱེད་མཁན། སྐྱེ་བོ་གཞན་གྱི་བདེ་ཐང་ལ་སྣང་མེད་གཏོང་མཁན་ཨ་རིའི་སྤྱི་མཐུན་ཚོགས་པའི་ཁོངས་ཀྱི་མཐའ་ལྷུང་བ་གཡས་ཤོག་པ་ཚོ་རེད་ཅེས་ཞྭ་མོ་གཡོགས་པའི་དུས་སྐབས་ཤིག་ཤར་འདུག

ཨ་རིའི་སྲིད་དོན་ཉམས་ཞིབ་པ་ཚོས་ཌོ་ནལ་ཊམ་གྱིས་ཁ་རས་གྱོན་དགོས་པའི་སྐུལ་ལྕག་བཏང་བ་ནི་དོན་དངོས་ལ་བསྙོན་ནས་ཁུངས་མ་འཁྱོལ་བ་དང་རང་ལ་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་དུས་སུ་ཕམ་ཉེས་འབྱུང་སྲིད་པའི་འཇིགས་སྣང་གིས་ཁ་རས་གྱོན་ན་དགེ་མཚན་ཡོད་པའི་གླེང་སློང་བྱ་རྒྱུ་འགོ་ཚུགས་པ་རེད། ཨ་རིའི་འཕྲོད་བསྟེན་ལས་སྣེ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་རས་གྱོན་དགོས། ཁ་རས་ཀྱི་ཐོག་ཏུ་༢༠༢༠་ལོའི་ཊམ་དང་ཕེན་སི་ཞེས་འོས་འདེམས་ཀྱི་དྲིལ་བསྒྲགས་རྗོད་ཚིག་འགོད་ཆོག དེ་མིན་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་འབོད་ཚིག་གཙོ་བོ་སྟེ། ཨ་མི་རི་ཀ་སླར་ཡང་རླབས་ཆེན་དུ་བསྒྱུར་དགོས་ཞེས་པའི་འབོད་ཚིག་འགོད་ཆོག་ཅེས་འབོད་སྐུལ་ལན་མང་ཞུས་ཀྱང་མ་མཉན། ཁོང་གིས་ངས་ཁ་རས་གྱོན་ན་ང་ནུས་མེད་ཅིག་ལ་མཐོང་རྒྱུ་དང་ཏོག་དབྱིབས་ནད་དུག་འགོག་ཐུབ་མེད་པའི་རྟགས་སུ་གོ་རྒྱུ་རེད་ཅེས་ལན་བཏབ། ད་ལྟའི་བར་དུ་ཨ་རིའི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༨༠༠༠༠༠་ལྷག་བྱུང་ཡོད་པ་དང་མི་༡༤༠༠༠༠་ལྷག་འཆི་སྐྱོན་བྱུང་བ། ད་དུང་ཡང་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་བདུན་ཕྲག་སྔོན་མར་སྲིད་འཛིན་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གི་ལས་སྣེ་ཚོ་ཕོ་བྲང་དཀར་པོར་ཚོགས་འདུ་ཚོགས། ཁོ་ཚོས་འཛེམ་ཟོན་མེད་པར་སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་མི་རི་ཀ་བ་མང་པོ་ཞིག་གིས་སྲིད་འཛིན་ལ་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་ཐུབ་པའི་འཇོན་ཐང་ཡོད་མེད་དོགས་སློང་བྱེད་ཀྱི་འདུག སྲིད་འཛིན་ཌོ་ནལ་ཊམ་གྱིས་ངེས་པར་དུ་ཏོག་དབྱིབས་རིམས་ནད་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པའི་རྣམ་འགྱུར་ཞིག་སྟོན་དགོས་ཞེས་ནན་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་འོས་འདེམས་ལས་འགུལ་ཁང་གི་ལས་སྣེ་ཚོའི་འབོད་སྐུལ་ལྟར་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས་བསྐྱར་དུ་འཚོགས་རྒྱུའི་མོས་མཐུན་བྱས། འོན་ཀྱང་གསར་འགོད་ལྷན་ཚོགས་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྔར་བཞིན་ཨ་མི་རི་ཀའི་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད། ཨ་མི་རི་ཀས་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པ་དེ་འདྲ་ཞིག་རྒྱལ་ཁབ་གཞན་པ་གཅིག་གིས་ཀྱང་བྱས་ཐུབ་མེད། ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་བརྒྱ་ཆ་༩༠་ཡས་མས་ཤིག་ཉེན་ཚབས་ཅན་མ་རེད་ཅེས་དོན་དངོས་ལ་བསྙོན་པའི་སྐད་ཆ་བཤད་སྲིད་པར་ཚོད་འཛིན་ཐུབ་མིན་སུས་ཀྱང་བཤད་དཀའ། ཨ་རིའི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཅི་ཙམ་བྱུང་ཡོད་མེད་དང་ཉིན་ལྟར་ནད་པ་གསར་པ་ཅི་ཙམ་འཐོན་གྱི་ཡོད་མེད། ཨ་མི་རི་ཀ་བ་ཅི་ཙམ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་ཡོད་མེད་ཀྱི་གྲངས་འབོར་ལ་གཞིགས་ཚེ། སྲིད་འཛིན་ཌོ་ནལ་ཊམ་གྱིས་འགོ་ཁྲིད་པའི་ཨ་རིའི་དབུས་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་མ་ཐུབ་པ་དང་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་གནས་ཚུལ་ཚབས་ཆེན་ཞིག་ཡིན་པ་ར་འཕྲོད། ཨ་རིའི་འཕྲོད་བསྟེན་ལས་སྣེ་མང་དག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་དཔལ་འབྱོར་ཉམས་རྒུད་དང་མི་དམངས་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་འགྲོ་བ། ཁོང་གིས་ལོ་འདིའི་སྲིད་འཛིན་འོས་འདེམས་ལ་དམིགས་ནས་ཨ་རིའི་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཡག་པོ་ཞིག་མ་འཇོམས་སྔོན་ནས་བསྐྱར་དུ་ཚོང་ལས་སོགས་སྒོ་ཕྱེ་སྟེ་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་པ་རེད། དེའི་སྟབས་ཀྱིས་ཨ་མི་རི་ཀར་སླར་ཡང་ཏོག་དབྱིབས་རིམས་ནད་ཐེངས་གཉིས་པ་ཁྱབ་ཀྱི་འདུག་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG