༄༅།། དེང་སྐབས་ཨ་མི་རི་ཀའི་རྒྱལ་ནང་གི་གསར་འགྱུར་ཆེ་ཤོས་ནི་སྲིད་འཛིན་ཌོ་ནལ་ཊམ་ལ་གྲོས་ཚོགས་འོག་མས་ཁྲིམས་སྦྱོར་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་ཡོད་པ་དེ་ཡིན་ཞིང་། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས་པ་ཡིན། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཡུཀ་རེན་གྱི་སྲིད་འཛིན་གསར་པར་བཀའ་མོལ་གནང་བའི་སྐབས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་གཙོ་བོ་སྟེ། ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ཕ་བུ་གཉིས་ལ་ཡུཀ་རེན་གྱི་གཞུང་གིས་ཞིབ་འཇུག་བྱ་དགོས་པའི་ནན་སྐུལ་བྱས་འདུག འདི་ནི་ཁྲིམས་འགལ་བྱས་པ་ཞིག་ཡིན་སྲིད་པས་ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་དང་ཡུཀ་རེན་གྱི་སྲིད་འཛིན་རྣམ་པས་བཀའ་མོལ་ཅི་ཞིག་གནང་ཡོད་མེད། ཌོ་ནལ་ཊམ་གྱིས་ཡུཀ་རེན་གྱི་གཞུང་གིས་བྷ་ཌན་ཕ་བུ་གཉིས་ལ་ཞིབ་འཇུག་མ་བྱས་ན་ཨ་མི་རི་ཀས་ཡུཀ་རེན་གྱི་དམག་དོན་ལ་ཨ་སྒོར་དུང་ཕྱུར་༤་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པ་འགོག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་མེད་པ་གསལ་པོ་བྱ་དགོས་ཀྱིན་འདུག སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ནི་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱེད་ཀྱི་ཡོད་པའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་གཙོ་གྲས་ཡིན་པ་དང་ལོ་རྗེས་མར་སྲིད་འཛིན་ཌོ་ནལ་ཊམ་གྱི་ཁ་གཏད་པར་འགྱུར་སྲིད། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་ཡུཀ་རེན་གཞུང་ལ་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཞིག་ལ་ཞིབ་འཇུག་བྱ་དགོས་པའི་གནོན་ཤུགས་སྤྲད་པ་ཁྲིམས་འགལ་རེད་ཅེས་བསྒྲགས།
འོ་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུཀ་རེན་གྱི་གཞུང་ལ་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་བྷ་ཌན་ཕ་བུ་གཉིས་ལ་ཞིབ་འཇུག་བྱ་དགོས་ཞེས་བཀའ་མོལ་གནང་དོན་ཅི་ཞིག་ཡིན་ནམ། ༢༠༡༤་ལོར་ཡུཀ་རེན་གྱི་བྷུ་རི་སི་མ་བཟོ་ཚོང་ཁང་གིས་སྐབས་དེའི་ཨ་རིའི་སྲིད་འཛིན་གཞོན་པ་ཇཱོ་བྷ་ཌན་གྱི་བུ་ཧན་ཊར་བྷ་ཌན་ལ་ཨ་སྒོར་ཁྲི་ཚོ་༥་རེའི་ཟླ་ཕོགས་སྤྲད་ནས་བཟོ་ཚོང་ལས་ཁང་དེའི་འགན་འཛིན་ལ་བསྐོས། བྷུ་རི་སོ་མ་རང་བྱུང་སོལ་རླངས་བཟོ་ཚོང་ཁང་གིས་ཁྲིམས་མཐུན་གྱི་ཚོང་ལས་གཉེར་གྱི་ཡོད་མེད་ལ་ཡུཀ་རེན་གྱི་གཞུང་གིས་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ༢༠༡༥་ལོའི་ཕྱི་ཟླ་༦་པ་དང་ཕྱི་ཟླ་༧་ཡས་མས་སུ་ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པས་ཡུཀ་རེན་གྱི་ཞིབ་འཇུག་པ་ཝྭིཀ་ཊོར་ཤོ་ཁིན་ལ་བྷུ་རི་སི་མ་བཟོ་ཚོང་ཁང་ལ་ཞིབ་འཇུག་བཟོད་པོ་བྱ་དགོས། གལ་སྲིད་ཡུཀ་རེན་གྱི་གཞུང་གིས་རང་བྱུང་སོལ་རླངས་བཟོ་ཚོང་ཁང་དེར་ཞིབ་འཇུག་བྱས་པ་ཡིན་ན་སྲིད་འཛིན་གཞོན་པ་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པ་འགོག་སྲིད་ཅེས་ཉེན་བརྡ་བཏང་། འོན་ཀྱང་ཞིབ་འཇུག་པ་ཤོ་ཁིན་གྱིས་ཨ་རིའི་གཞུང་ཚབ་ཁང་གི་ཉེན་བརྡ་དེར་སྣང་མེད་བཏང་བས་༢༠༡༦་ལོའི་ཕྱི་ཟླ་༤་པར་ཡུཀ་རེན་གྱི་གཞུང་གིས་ཞིབ་འཇུག་པ་ཤོ་ཁིན་གནས་དབྱུང་བཏང་འདུག སྐབས་ཤིག་ཨ་རིའི་སྲིད་འཛིན་གཞོན་པ་ཇཱོ་བྷ་ཌན་གྱིས་བརྙན་འཕྲིན་པར་ཆས་མདུན་དུ་ངས་སྲིད་འཛིན་ཨོ་བྷ་མས་ཡུཀ་རེན་ལ་འཛིན་པའི་སྲིད་ཇུས་མཐའ་འཁྱོངས་ཀྱིས་ཡུཀ་རེན་གྱི་གྱོད་ཞིབ་པ་ཝྭིཀ་ཊོར་ཤོ་ཁིན་གནས་དབྱུང་གཏོང་དུ་བཅུག་པ་ཡིན་ཞེས་སྤོབས་ཉམས་ཀྱི་སྒོ་ནས་བཤད་མྱོང་ཡོད་པའི་གནས་ཚུལ་སྤེལ་འདུག
༢༠༡༩་ལོའི་ཕྱི་ཟླ་དང་པོའི་ནང་དུ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྐུ་སྒེར་ཁྲིམས་རྩོད་པ་སྟེ། ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཟུར་པ་རུ་ཌི་ཇཱུ་ལི་ཡ་ཎིས་ཡུཀ་རེན་གྱི་གྱོད་ཞིབ་པ་ཟུར་པ་ཝྭིཀ་ཊོར་ཤོ་ཁིན་ལ་བཅར་འདྲི་ཞུས། ཝྭིཀ་ཊོར་ཤོ་ཁིན་གྱིས་ང་ལ་ཡུཀ་རེན་གྱི་གཞུང་གིས་བྷུ་རི་སི་མ་བཟོ་ཚོང་ལས་ཁང་ལ་ཞིབ་འཇུག་བྱེད་དུ་མ་བཅུག་པ་ནི་ཨ་མི་རི་ཀར་སྐྲག་ནས་ཞིབ་འཇུག་མཚམས་འཇོག་བྱས་པ་རེད་ཅེས་བཤད། དེ་ནས་ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༢༥་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུཀ་རེན་གྱི་སྲིད་འཛིན་གསར་པས་ལས་ཁུར་བཞེས་པར་ཁ་པར་བཏང་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། འཚམས་འདྲི་དེའི་ཞོར་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུཀ་རེན་གྱི་སྲིད་འཛིན་གསར་པར་ལོ་ཤས་གོང་དུ་ཡུཀ་རེན་གྱི་གཞུང་གིས་མཚམས་བཞག་པའི་ཞིབ་འཇུག་དེ་འཕྲོ་སྐྱོང་བྱ་དགོས། ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་བྷ་ཌན་ཕ་བུ་གཉིས་ཀྱིས་ཁྲིམས་འགལ་བྱས་ཡོད་མེད་རྩད་གཅོད་བྱ་དགོས་ཞེས་ནན་བརྗོད་བྱས་འདུག སྲིད་འཛིན་ཌོ་ནལ་ཊམ་གྱི་སྐད་ཆ་དེ་རྣམས་དངོས་སུ་ཐོས་པའམ། ཡང་ན་རྒྱུས་ཡོད་ཚོ་བློ་མ་བདེ་བར་གནས་ཚུལ་དེ་མི་ཞིག་ལ་བཤད་ནས་ཨ་རིའི་གྲོས་ཚོགས་ལ་སྙན་གསེང་ཞུས་པས་ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས།
ཨ་རིའི་དེ་རིང་ཞེས་པའི་ཚགས་པར་གཙོས་གསར་འགྱུར་ལས་ཁང་ཁག་ཅིག་གིས་ཨ་རིའི་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་དང་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་པ། སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ཀྱི་གང་གི་ཁོངས་སུའང་མི་གཏོགས་པའི་ཨ་མི་རི་ཀ་བ་༡༠༠༦་ལ་སྐད་ཆ་དྲིས་ནས་བསམ་ཚུལ་བསྡུ་ལེན་བྱས་པ་ལྟར་ན་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་བརྒྱ་ཆ་༧༤་ལྷག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱེད་ཀྱི་ཡོད་པ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་པ་བརྒྱ་ཆ་༡༧་གྱིས་མ་གཏོགས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱེད་ཀྱི་ཡོད་པ་དེར་རྒྱབ་སྐྱོར་བྱེད་ཀྱི་མེད་ཅིང་། མི་དམངས་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༥་ལྷག་གིས་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིས་གྲོས་ཚོགས་འོག་མས་སྲིད་འཛིན་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པས་མི་ཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཚང་མར་འོས་ཤོག་འཕེན་དུ་བཅུག་ནས་སྲིད་འཛིན་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱ་དགོས་མིན་ཐག་གཅོད་བྱ་དགོས་ཞེས་ལངས་ཕྱོགས་བསྟན། མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༤་ལྷག་གིས་གྲོས་ཚོགས་འོག་མས་འོས་ཤོག་འཕངས་ཏེ་ཐག་གཅོད་བྱས་པའི་རྗེས་སུ་ཨ་རིའི་གྲོས་ཚོགས་གོང་མར་སྲིད་འཛིན་ལ་ཁྲིམས་བཤེར་བྱེད་དུ་འཇུག་དགོས་ཞེས་བསམ་ཚུལ་བཤད་འདུག་པར་མ་ཟད། སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་པ་བརྒྱ་ཆ་༨༠་ལྷག་དང་དམངས་གཙོ་ཚོགས་པ་སོགས་ཀྱི་རྒྱབ་སྐྱོར་པ་བརྒྱ་ཆ་དེ་ལས་མང་བ་ཞིག་གིས་སྲིད་འཛིན་ཡང་ཁྲིམས་འོག་ཏུ་འདུ་དགོས། ཁྲིམས་ཀྱི་མདུན་སར་ཨ་རིའི་སྲིད་འཛིན་དང་སྤྱི་དམངས་དཀྱུས་མ་གཉིས་འདྲ་མཉམ་ཡིན་ཞེས་ལྟ་ཚུལ་བརྗོད་འདུག
ཌོ་ནལ་ཊམ་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱེད་ཀྱི་ཡོད་པ་ནི་ཨ་མི་རི་ཀའི་སྲིད་འཛིན་ཞིག་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱས་པ་ཐེངས་དང་པོ་མིན། ༡༨༦༨་ལོར་སྲིད་འཛིན་ཨན་ཌི་རིའུ་ཇཱོན་སན་དང་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་གི་གྲོས་ཚོགས་གཉིས་ལ་རྩོད་གླེང་དྲག་པོ་བྱུང་ཞིང་། སྲིད་འཛིན་ཇཱོན་སན་དང་གྲོས་ཚོགས་གཉིས་ཨ་རིའི་ནང་འཁྲུག་རྗེས་སུ་ལྷོ་ཕྱོགས་མངའ་སྡེ་ཁག་བསྐྱར་དུ་འཛུགས་སྐྲུན་བྱེད་ཕྱོགས་དང་རང་དབང་ཐོབ་པའི་བྲན་གཡོག་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཕྱོགས་ལ་ལྟ་ཚུལ་མ་མཐུན་པས་ལོ་དེའི་ཕྱི་ཟླ་༣་ཚེས་༥་ནས་ཨ་རིའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཇཱོན་སན་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། སྤྱི་མཐུན་ཚོགས་པར་ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་གནས་དབྱུང་གཏོང་བར་འཐུས་མི་གསུམ་ཆའི་གཉིས་ལས་མང་བ་ཡོད་ཀྱང་སྤྱི་མཐུན་ཚོགས་པའི་འཐུས་མི་ཉུང་ཤས་ཤིག་གིས་སྲིད་འཛིན་གྱི་ཆེ་མཐོང་འབའ་ཞིག་ལ་དགོངས་པ་བཞེས་ནས་སྲིད་འཛིན་ཇཱོན་སན་གནས་དབྱུང་གཏོང་རྒྱུ་དེར་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་མེད་ཅིང་། གྲོས་ཚོགས་འཐུས་མི་ཉུང་ཤས་ཀྱིས་རྒྱལ་ཁབ་ཀྱི་མཚན་སྙན་དང་སྲིད་འཛིན་ཆེ་མཐོང་ལ་གཞིགས་ནས་སྲིད་འཛིན་ཇཱོན་སན་ཐར་ཙམ་བྱུང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་ལ་ཁྲིམས་སྦྱོར་ཞིབ་འཇུག་དང་ནག་ཉེས་ཕོག་སྟེ་གནས་དབྱུང་གཏོང་གྲབས་སུ་གྱུར་པ་གཉིས་པ་ནི་རི་ཆར་ཌི་ནིཀ་སིན་ཡིན་ཞིང་། སྲིད་འཛིན་ནིཀ་སིན་དམངས་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཁང་ལ་མི་བཏང་ནས་ཡིག་ཆ་རྐུ་འཁྱེར་བྱས་པའི་དོན་རྐྱེན་ལ་འབྲེལ་བ་ཡོད་པ་རྩད་གཅོད་བྱུང་བས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་སྲིད་འཛིན་ནིཀ་སིན་ཁྲིམས་ལ་སྦྱར་ནས་གནས་དབྱུང་གཏོང་རྒྱུའི་ཐག་གཅོད་བྱུང་། མཐར་སྲིད་འཛིན་ནིཀ་སིན་གྱིས་རང་ཉིད་ཐར་ས་མེད་པ་ངོས་ཟིན་དུས་གནས་དབྱུང་གཏོང་དུ་མ་བཅུག་པར་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུས། འདི་ནི་ཨ་རིའི་ལོ་རྒྱུས་སུ་སྲིད་འཛིན་ལས་ཐོག་ཅིག་གིས་རང་གི་ལས་དུས་མ་ཚང་གོང་དུ་དགོངས་པ་ཞུས་པའི་གནས་ཚུལ་བྱུང་བ་ཐེངས་དང་པོ་ཡིན། ཨ་རིའི་སྲིད་འཛིན་ཞིག་ལ་ཁྲིམས་སྦྱོར་ཞིབ་འཇུག་བྱས་ནས་གནས་དབྱུང་གི་ཁྲིམས་བཤེར་བྱུང་བ་ཐེངས་གསུམ་པ་ནི་བྷིལ་ཁེ་ལིན་ཊོན་ཡིན་པ་སྟེ། ཁོ་པས་ཕོ་བྲང་དཀར་པོའི་ལས་སྦྱོང་བ་མཱོ་ཎི་ཀ་ལུ་ཝིན་སི་ཀི་ཞེས་པའི་ན་གཞོན་མ་ཞིག་ལ་གབ་མཐུན་བྱས་མེད་ཅེས་འདྲི་ཞིབ་པར་རྫུན་བཤད། མཐར་སྲིད་འཛིན་ཁེ་ལིན་ཊོན་གྱིས་ཕོ་བྲང་དཀར་པོའི་ལས་སྦྱོང་བ་མཱོ་ཎི་ཁ་ལུ་ཝིན་སི་ཀིར་ལྐོག་མཐུན་བྱས་ཡོད་པའི་དཔང་རྟགས་རྙེད་པས་ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཁྲིམས་ལ་སྦྱོར་དགོས་པའི་ཐག་བཅད། དེ་ནས་གྱོད་གཞི་དེ་ཨ་རིའི་གྲོས་ཚོགས་གོང་མར་ཕུལ་ཏེ་གྲོས་ཚོགས་གོང་མར་དམངས་གཙོ་ཚོགས་པའི་འཐུས་མི་མང་བ་ཡོད་པས་སྲིད་འཛིན་ཁེ་ལིན་ཊོན་གནས་དབྱུང་བཏང་མེད་པ་རེད། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་ལ་གྲོས་ཚོགས་འོག་མས་ཁྲིམས་སྦྱོར་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། གྲོས་ཚོགས་འོག་མས་སྲིད་འཛིན་ཁྲིམས་ལ་སྦྱོར་དགོས་པའི་ཐག་གཅོད་བྱས་ནས་གྱོད་གཞི་དེ་གྲོས་ཚོགས་གོང་མར་སྐྱེལ་དགོས། ད་ལྟ་ཨ་རིའི་གྲོས་ཚོགས་གོང་མར་སྤྱི་མཐུན་ཚོགས་པའི་འཐུས་མི་མང་བ་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་སྐྱོབ་སྲིད་པའི་རེ་བ་ཡོད་ཀྱང་འཐུས་མི་མང་པོ་ཞིག་གིས་ལོ་རྗེས་མའི་འོས་འདེམས་ལའང་བསམ་བློ་གཏོང་དགོས་ཐུག་གི་ཡོད་པ་རེད།།