ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཌོ་ནལ་ཊམ་ལ་དངོས་སུ་ཉེས་འཛུགས།


༄༅།། ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་གྲངས་མང་ཡོད་པའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་ལ་སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་བ་དང་གྲོས་ཚོགས་ཀྱི་ཞིབ་འཇུག་ལས་དོན་ལ་འགོག་རྐྱེན་བརྒྱབ་པའི་ནག་ཉེས་དོན་ཚན་གཉིས་ཀྱི་ཐོག་ཏུ་དངོས་སུ་ཉེས་འཛུགས་བྱས་འདུག ད་ནས་ཡུན་རིང་མི་འགོར་པར་གྲོས་ཚོགས་འོག་མས་སྲིད་འཛིན་ལ་ཉེས་འཛུགས་བྱས་པའི་གྱོད་གཞི་དེ་ཨ་རིའི་གྲོས་ཚོགས་གོང་མར་འབུལ་དགོས་པ་དང་། ༢༠༢༠་ལོའི་ཕྱི་ཟླ་དང་པོའི་མགོ་སྟོད་དེར་ཨ་རིའི་གྲོས་ཚོགས་གོང་མས་སྲིད་འཛིན་ཌོ་ནལ་ཊམ་ལ་གྲོས་ཚོགས་འོག་མས་ཉེས་འཛུགས་ཐག་གཅོད་བྱས་པར་ཁྲིམས་བཤེར་བྱ་རྒྱུ་འགོ་ཚུགས་དགོས་པ་རེད།

སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་བའི་ཉེས་དོན་དེར་གྲོས་ཚོགས་འཐུས་མི་༢༣༠་ཐམ་པས་རྒྱབ་སྐྱོར་དང་འཐུས་མི་༡༩༧་གྱིས་ངོ་རྒོལ། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གཅིག་གིས་གྲོས་ཚོགས་སུ་བཅར་ཡོད་ཅེས་འོས་ཤོག་འཕངས་ནས་ངོ་རྒོལ་དང་རྒྱབ་སྐྱོར་གྱི་འོས་ཤོག་འཕངས་མེད་དང་རང་བཙན་གྱི་གྲོས་ཚོགས་འཐུས་མི་གཅིག་གིས་དམངས་གཙོ་ཚོགས་པའི་ཉེས་འཛུགས་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། གྲོས་ཚོགས་ཀྱི་ཞིབ་འཇུག་ལས་དོན་ལ་འགོག་རྐྱེན་བརྒྱབ་པའི་ཉེས་དོན་དེར་གྲོས་ཚོགས་འཐུས་མི་༢༢༩་ཡིས་རྒྱབ་སྐྱོར་དང་འཐུས་མི་༡༩༨་གྱིས་ངོ་རྒོལ་འོས་ཤོག་འཕངས། ཕྱི་ཟླ་༡༢་པའི་ཚེས་༡༨་གྱི་དགོང་མོར་ཨ་རིའི་གྲོས་ཚོགས་འོག་མར་སྲིད་འཛིན་ཌོ་ནལ་ཊམ་ལ་དངོས་སུ་ཉེས་འཛུགས་ཀྱི་འོས་འཕངས་པ་རྣམས་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་ལངས་ཕྱོགས་ལྟར་འཕངས་ཀྱང་དམངས་གཙོ་ཚོགས་པའི་འཐུས་མི་གཉིས་ཀྱིས་ལོ་རྗེས་མའི་འོས་འདེམས་ལ་དམིགས་ནས་སྲིད་འཛིན་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱས་པར་ངོ་རྒོལ་གྱི་འོས་ཤོག་འཕངས་འདུག ཐ་ན་ཕན་སིལ་ཝྭེ་ཎི་ཡའི་དམངས་གཙོ་ཚོགས་པའི་འཐུས་མི་ཞིག་གིས་སྲིད་དོན་ཚོགས་པ་བསྒྱུར་ནས་སྤྱི་མཐུན་ཚོགས་པའི་ཁོངས་སུ་ཞུགས་ཀྱང་ལོ་རྗེས་མའི་འོས་འདེམས་དུས་སུ་ཁོ་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ངེས་གཏན་བྲལ།

སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་བའི་ནག་ཉེས་ནི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཡུཀ་རེན་གྱི་སྲིད་འཛིན་ལ་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ཕ་བུ་སྟེ། ཧན་ཊར་བྷ་ཌན་ཁྲིམས་འགལ་གྱི་ཚོང་ལས་ཤིག་ལ་འབྲེལ་བ་ཡོད་མེད་ལ་ཞིབ་འཇུག་བྱ་དགོས། ཧན་ཊར་བྷ་ཌན་གྱིས་ཡུཀ་རེན་གྱི་བཟོ་ཚོང་ལས་ཁང་ཞིག་གི་སྤྱི་ཁྱབ་འགན་འཛིན་གྱི་གོ་གནས་བཟུང་འདུག སྔོན་ཆད་ཡུཀ་རེན་གྱི་གཞུང་གིས་ཧན་ཊར་བྷ་ཌན་གྱི་བཟོ་ཚོང་ལས་ཁང་དེར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཏུ་ཞིབ་འཇུག་བྱ་ཐབས་བྱས་ཀྱང་ཨ་རིའི་སྲིད་འཛིན་གཞོན་པ་ཇཱོ་བྷ་ཌན་གྱིས་བཀག་པ་རེད། དེས་ན་ད་ལྟའི་ཡུཀ་རེན་གྱི་སྲིད་གཞུང་གིས་བྷ་ཌན་ཕ་བུ་གཉིས་ལ་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱ་དགོས། དེ་ལྟར་མ་བྱས་ན་ཨ་མི་རི་ཀའི་གཞུང་གིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༤་ཙམ་གྱི་དམག་དོན་འགྲོ་གྲོན་རོགས་རམ་སྤྲོད་ཀྱི་ཡོད་པ་རྣམས་འགག་སྲིད་པའི་བརྡ་བཏང་ཞིག་བཏང་འདུག སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ནི་༢༠༢༠་ལོའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་གྲས་སུ་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་གཏད་གཅོག་ཐུབ་པའི་འོས་མི་ནུས་པ་ཅན་ཞིག་ཡིན་པར་བརྟེན། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ཆབ་སྲིད་ཀྱི་ཁ་གཏད་པ་ཞིག་མེད་པར་གཏོང་བར་ཕྱིའི་རྒྱལ་ཁབ་ཅིག་ལ་ཨ་རིའི་འོས་འདེམས་ལ་ཐེ་གཏོགས་བྱ་དགོས་པའི་གནོན་ཤུགས་སྤྲད་པར་སྲིད་དབང་བཀོལ་སྤྱོད་ལོག་པ་བཏང་བའི་ནག་ཉེས་བཙུགས་འདུག

གྲོས་ཚོགས་ཀྱི་ཞིབ་འཇུག་ལས་དོན་ལ་འགོག་རྐྱེན་བརྒྱབ་པའི་ནག་ཉེས་ནི་ལོ་འདིའི་ཕྱི་ཟླ་༧་པར་ཡུཀ་རེན་གྱི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་གཉིས་ཀྱིས་ཁ་པར་ནང་དུ་བཀའ་མོལ་ཅི་ཞིག་གནང་ཡོད་མེད། སྲིད་འཛིན་ཌོན་ཊམ་གྱིས་ཡུཀ་རེན་གྱི་གཞུང་གིས་བྷ་ཌན་ཕ་བུ་གཉིས་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཏུ་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་མ་བྱས་ན་ཨ་མི་རི་ཀས་ཡུཀ་རེན་ལ་དམག་དོན་འགྲོ་གྲོན་རོགས་རམ་སྤྲོད་རྒྱུ་འགག་སྲིད་ཅེས་དངོས་སུ་བཤད་ཡོད་མེད་གོ་ཐོས་བྱུང་བའི་ཕོ་བྲང་དཀར་པོའི་ལས་སྣེ་ཁག་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཁག སྲིད་འཛིན་ཌོ་ནལ་ཊམ་ལ་འབྲེལ་བ་ཡོད་པའི་དཔང་པོ་མང་པོ་ཞིག་ཨ་རིའི་གྲོས་ཚོགས་སུ་འབོད་འགུགས་བྱས་ནས་འདྲི་ཞིབ་བྱེད་དུ་འཇུག་གི་མེད་པའམ། ཡང་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོ་དང་ཨ་རིའི་གཞུང་གིས་ལས་སྣེ་དེ་ཚོར་གྲོས་ཚོགས་ཀྱི་འདྲི་ཞིབ་ལས་དོན་ལ་མཉམ་རོགས་བྱ་དགོས་ཞེས་སྐུལ་ལྕག་གཏོང་གི་མེད་པས་གྲོས་ཚོགས་ཀྱི་འདྲི་ཞིབ་ལས་དོན་ལ་འགོག་རྐྱེན་བརྒྱབ་པའི་ནག་ཉེས་བཙུགས་འདུག

ཨ་རིའི་གྲོས་ཚོགས་གོང་མར་སྤྱི་མཐུན་ཚོགས་པར་འཐུས་མི་གྲངས་མང་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྲིམས་བཤེར་བྱས་ནས་གནས་དབྱུག་གཏོང་ཐུབ་རྒྱུ་ཁག་པོ་ཡིན་ཞིང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ཉུང་འགོ་ཁྲིད་ཆཀ་ཤུ་མར་གྱིས་དཔང་པོ་ཁག་ཅིག་གྲོས་ཚོགས་གོང་མས་འབོད་འགུགས་བྱས་ནས་འདྲི་ཞིབ་བྱ་དགོས་ཞེས་གྲོས་གཞི་བཏོན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་ཚོགས་གཙོ་མཱི་ཆི་མཱེ་ཁ་ནོས་དཔང་པོ་རྣམས་འབོད་འགུགས་བྱ་རྒྱུ་མིན། དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་གྲངས་མང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་ནག་ཉེས་དོན་ཚན་གཉིས་ཀྱི་ཐོག་ཏུ་དངོས་སུ་ཉེས་འཛུགས་བྱས་ཡོད་པར་ཁུངས་ལུང་མི་འདུག གྲོས་ཚོགས་གོང་མས་ཀྱང་གྲོས་ཚོགས་འོག་མའི་ཐག་གཅོད་དེར་འོས་ཤོག་འཕངས་ནས་སྲིད་འཛིན་གནས་དབྱུང་གཏོང་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན། ཁྲིམས་བཤེར་འདི་ཕྱི་ཟླ་དང་པོའི་ནང་གི་གྲོས་ཚོགས་གོང་མའི་ལས་དོན་གལ་འགངས་ཆེ་ཤོས་གྲས་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཨ་མི་རི་ཀའི་མི་རིགས་དཀར་པོ་དང་ཞིང་འབྲོག་ས་ཁུལ་ཁག་ཏུ་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་པ་ཤུགས་ཆེན་ཡོད་པས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ལ་ཁྲིམས་བཤེར་བྱས་ནས་གནས་དབྱུང་གཏོང་ཕོད་ཀྱི་ཡོད་ཅིང་། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་ལོ་རྗེས་མའི་འོས་འདེམས་ལ་དམིགས་ནས་སྲིད་འཛིན་ཁྲིམས་ལ་སྦྱོར་དགོས་ཟེར་པ་དང་སྲིད་འཛིན་ལ་ཉེས་འཛུགས་ཁྲིམས་སྦྱོར་རྒྱུ་དེར་ངོ་རྒོལ་ཡོད་ཅེས་འོས་ཤོག་འཕངས་ནས་རྩོད་པ་ཤུགས་ཆེན་རྒྱག་གི་ཡོད་པ་རེད།

གྲོས་ཚོགས་འོག་མས་འོས་ཤོག་འཕངས་པའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་ཨ་རིའི་ནུབ་དཀྱིལ་མངའ་མཱི་ཤཱི་གྷན་དུ་འོས་འདེམས་ལས་འགུལ་སྤེལ་ཡུལ་གྱི་འདུ་འཛོམས་ཤིག་ལ་ཕེབས་ནས་མི་ཚོགས་དེར་སྟོན་པ་ཡེ་ཤུའི་འཁྲུངས་སྐར་འཚམས་འདྲི་ཞུ། འདས་པའི་ལོ་གསུམ་གྱི་རིང་ལ་དམངས་གཙོ་ཚོགས་པས་བསམ་ངན་དང་ལྐོག་གཡོ་ངན་ཇུས། ཁུངས་མེད་རྫུན་སྒྲིག་གི་ཞིབ་འཇུག་བྱས་ནས་ཨ་མི་རི་ཀའི་མི་མང་ས་ཡ་མང་པོས་འོས་ཤོག་འཕངས་ཏེ་འདེམས་ཐོན་བྱུང་བའི་སྲིད་འཛིན་ཞིག་གི་སྲིད་དབང་འཕྲོག་ཐབས་བྱས་པ་རེད། ཁོ་ཚོའི་ན་ཚ་ངོ་མ་ནི་༢༠༡༦་ལོར་དམངས་གཙོ་ཚོགས་པའི་འོས་མི་ཧི་ལ་རི་ཁེ་ལིན་ཊོན་ལ་འོས་འདེམས་གྱི་རྒྱལ་ཁ་མ་ཐོབ་པར་ཕམ་ཉེས་བྱུང་བ་ངོས་ལེན་བྱེད་ཐུབ་ཀྱི་མེད་པར་ཐུག་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་བཤད། དེའི་གོང་དུའང་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་ཚོགས་འོག་མས་ཉེས་འཛུགས་མྱུར་དུ་ཚར་ན་ལེགས། ང་ལ་གྲོས་ཚོགས་གོང་མས་ཁྲིམས་བཤེར་དྲང་སྙོམས་བྱ་རྒྱུ་དེར་ངས་སྒུག་བསྡད་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ་འདུག ད་སྔ་ཨ་མི་རི་ཀའི་རྒྱལ་ཁབ་འདི་གསར་དུ་ཚུགས་ནས་བཟུང་སྟེ་སྲིད་འཛིན་ཇཱོན་སན་དང་རི་ཆར་ཌི་ནིག་སིན། བྷིལ་ཁེ་ལིན་ཊོན་བཅས་སྲིད་འཛིན་གསུམ་ལ་ཉེས་འཛུགས་བྱུང་ཞིང་། སྲིད་འཛིན་ཌོ་ནལ་ཊམ་ནི་ཨ་རིའི་ལོ་རྒྱུས་སུ་སྲིད་འཛིན་ལས་ཐོག་ཅིག་ལ་ཉེས་འཛུགས་བྱུང་ཐེངས་བཞི་པ་དེར་གྱུར། ཡིན་ནའང་ཨ་རིའི་སྲིད་འཛིན་ཐམས་ཅད་ཀྱིས་རང་ལ་བྱུས་ཉེས་དང་མིང་ཤས་ངན་པ་འདི་འཕོག་སྲིད་པར་གཟབ་ནན་གྱིས་གཡོལ་ཐབས་སུ་འབད་ཀྱི་ཡོད་པ་རེད།།

XS
SM
MD
LG