ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་ཊམ་གྱིས་ཧོང་ཀོང་གི་དམིགས་བསལ་གནས་བབ་ཕྱིར་བསྡུ། 


༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་སོགས་ཀྱི་གནས་བབ་ཅིག་སྤྲོད་བཞིན་པ་ཕྱིར་བསྡུ་བྱ་རྒྱུ་ཡིན། ད་ནས་བཟུང་སྟེ་ཨ་མི་རི་ཀས་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་གཉིས་ལ་ལྟ་ཕྱོགས་གཅིག་མཚུངས་འཛིན་དགོས། ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བའི་ལས་དོན་ཁག་ལ་འབྲེལ་བ་ཡོད་པའི་ཧོང་ཀོང་གི་ལས་སྣེ་སྒེར་པ་ཁག་དང་ཧོང་ཀོང་གི་དངུལ་ཁང་སོགས་ལ་ཨ་མི་རི་ཀས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་བཀའ་ཁྱབ་བསྒྲགས། ༡༩༩༢་ལོར་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་སོགས་ཀྱི་གནས་བབ་ཅིག་སྤྲད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་ཡོད་པས་ཨ་མི་རི་ཀར་སྔར་བཞིན་ཧོང་ཀོང་ལ་དམིགས་བསལ་གྱི་ཁེ་ཕན་སྤྲོད་མི་ཐུབ། ཧོང་ཀོང་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་དམིགས་བསལ་ཐོབ་ཐང་ཡང་སྤྲོད་རྒྱུ་མིན། ཨ་རིའི་གནད་འགག་ཆེ་བའི་འཕྲུལ་རིག་ལག་རྩལ་རྣམས་ཧོང་ཀོང་ལ་ཕྱིར་ཚོང་བྱ་རྒྱུ་མིན། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་ཧོང་ཀོང་ལ་བཙན་དྲག་གི་སྒོ་ནས་ལག་ལེན་བསྟར་གྱི་ཡོད་པ་ནི་ཧོང་ཀོང་གི་རང་སྐྱོང་དང་མངའ་ཁུལ་དེའི་གཞི་རྩའི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་མཐའ་གཅིག་ཏུ་རྒྱབ་འགལ་སོང་ཡོད་པར་མ་ཟད། ཨ་མི་རི་ཀའི་བདེ་འཇགས་དང་ཕྱི་སྲིད། ཨ་རིའི་དཔལ་འབྱོར་དང་ཚོང་ལས་བཅས་ལའང་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་རྒྱ་ནག་གིས་ཕྱི་ཟླ་༦་པའི་ཚེས་༣༠་ནས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་ལག་ལེན་བསྟར་འགོ་ཚུགས་པར་ཨ་མི་རི་ཀས་ལན་པ་སློག་འདུག

ཨ་རིའི་ཐོངས་མཆན། སྲིད་འཛིན་ཌོ་ནལ་ཊམ་གྱི་བཀའ་ཁྱབ་ཁོངས་སུ་ཨ་མི་རི་ཀས་ཧོང་ཀོང་གི་ཕྱིར་སྐྱོད་ལག་འཁྱེར་འཛིན་མཁན་ཚོར་དམིགས་བསལ་གྱི་ཐོབ་ཐང་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱ་རྒྱུ། ད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྐྱོད་ལག་འཁྱེར་འཛིན་མཁན་ཚོ་དང་ཧོང་ཀོང་གི་ཕྱིར་སྐྱོད་ལག་འཁྱེར་འཛིན་མཁན་ཚོར་གཅིག་མཚུངས་བྱ་དགོས། ཐོངས་མཆན་ཞུ་ཕྱོགས་དང་དེའི་ཡུན་ཚད་ནི་ཧོང་ཀོང་བ་དང་རྒྱ་ནག་པ་ཚོར་གཅིག་པ་ཡིན་ཞེས་བཀོད། ད་སྔ་ཧོང་ཀོང་གི་ཕྱིར་སྐྱོད་ལག་འཁྱེར་འཛིན་མཁན་ཚོར་མངའ་ཁུལ་དེར་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གིས་ལོ་བཅུའི་རིང་དུ་ཕར་འགྲོ་ཚུར་འོང་ལན་མང་བྱེད་ཆོག་པའི་ཐོངས་མཆན་སྤྲོད་ཀྱི་ཡོད་ཀྱང་རྒྱ་ནག་གི་ཕྱིར་སྐྱོད་ལག་འཁྱེར་འཛིན་མཁན་ཚོས་པེ་ཅིང་གི་ཨ་རིའི་གཞུང་ཚབ་ཁང་ངམ། ཡང་ན་ཧྲང་ཧེ་དང་ཀོང་ཀྲུག ཁྲེག་ཏུའུ་དང་ཝུ་ཧན། ཧྲེན་དབྱང་བཅས་སུ་བཅའ་སྡོད་ཨ་རིའི་དོན་གཅོད་ལས་ཁང་ཁག་ཏུ་ཐོངས་མཆན་ཞུ་དགོས། རྒྱ་ནག་གིས་ཕྱིར་སྐྱོད་ལག་འཁྱེར་འཛིན་མཁན་ཚོས་ལོ་བཅུའི་རིང་ཨ་རིར་འགྲོ་འོང་ལན་མང་བྱེད་ཆོག་པའི་ཐོངས་མཆན་ཞུ་ཆོག དེང་སྐབས་ཨ་མི་རི་ཀས་རྒྱ་ནག་གི་གསར་འགོད་པ་ཚོར་དུས་ཡུན་ཟླ་བ་གསུམ་གྱི་ཐོངས་མཆན་ལས་སྤྲོད་ཀྱི་མེད་ཀྱང་ཧོང་ཀོང་གི་གསར་འགོད་པ་ཚོར་ལོ་ལྔའི་ཐོངས་མཆན་སྤྲོད་ཀྱི་ཡོད་ཅིང་། འདས་པའི་ལོ་མང་རིང་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེའི་ཡུལ་མི་ཚོ་དུས་ཡུན་ཟླ་བ་གསུམ་གྱི་རིང་དུ་ཐོངས་མཆན་ཞུ་མི་དགོས་པར་ཨ་མི་རི་ཀར་ཡུལ་སྐོར་སྤྲོ་འཆམ་དང་གཉེན་འཕྲད། ཚོང་ལས་སོགས་ལ་ཡོང་ཆོག་པའི་ཐོངས་མཆན་ཆག་ཡང་གི་གནས་བབ་སྤྲོད་དགོས་ཞེས་འབོད་སྐུལ་ཞུས། ན་ནིང་ལོ་མཇུག་བར་དུ་ཨ་རིའི་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱིས་ཧོང་ཀོང་བ་༡༢༣༩༠༠༠༠་ལ་ཐོངས་མཆན་སྤྲད་འདུག

ཧོང་ཀོང་དང་ཨ་རིའི་ཚོང་ལས། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧོང་ཀོང་གི་སྐྱེ་བོ་སྒེར་པ་ཁག་དང་ཚོགས་སྡེ་ཁག་ཅིག་གིས་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཚོང་ལས་གཉེར་པའམ། ཡང་ན་ཨ་རིར་ཡོད་པའི་ས་ཁང་གི་བདག་དབང་རྣམས་གཞན་ལ་ཚོང་སྒྱུར་བྱེད་མི་ཆོག་པའི་ཐག་གཅོད་བྱ་རྒྱུ། སྐྱེ་བོ་སྒེར་པ་དང་ཚོགས་སྡེ་དེ་དག་གི་གྲས་སུ་ཧོང་ཀོང་གི་གཞུང་འབྲེལ་མི་སྣ་ཁག་སྟེ། རྒྱ་ནག་གཞུང་གིས་བཙན་འགེལ་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་དངོས་ཤུགས་རྒྱུད་གསུམ་ནས་ལག་ལེན་བསྟར་མཁན་ཧོང་ཀོང་གི་ས་གནས་འགོ་ཁྲིད་ཚོ་དང་གྲོང་ཁྱེར་དེའི་གཏམ་བརྗོད་རང་དབང་ལ་ཞིབ་བཤེར་དང་ཁྲིམས་གཅོད་བྱས་ནས་ཧོང་ཀོང་གི་དམངས་གཙོའི་འཕེལ་རྒྱས་ལ་གཏོར་བརླག་བྱེད་མཁན་རྣམས། ཧོང་ཀོང་གི་བཙན་དབང་བཅའ་ཁྲིམས་དེར་རྒྱབ་སྐྱོར་དང་དམངས་གཙོའི་རང་དབང་ཁག་ལ་རྡོག་བརྫིས་གཏོང་བར་དངུལ་སྒོར་དང་མཐུན་རྐྱེན་བཅས་ཀྱི་མཐུན་སྦྱོར་བྱེད་མཁན་ཧོང་ཀོང་གི་དངུལ་ཁང་ཁག་དང་བཟོ་ཚོང་ལས་ཁང་ཁག ཧོང་ཀོང་གི་དངུལ་ཁང་ཁག་དང་བཟོ་ཚོང་ལས་ཁང་དེ་དག་གི་བདག་པོ་རྣམས་ཀྱི་བཟའ་ཟླ་བུ་ཕྲུག་རྣམས་ཀྱང་ཨ་མི་རི་ཀར་ཡོང་མི་ཆོག་པ་དང་ཚོང་ལས་གཉེར་མི་ཆོག་པའི་ཉེས་ཆད་གཅོད་རྒྱུ་ཡིན་འདུག དེས་ན་རྒྱ་ནག་དབུས་གཞུང་གིས་མཐོ་རིམ་འགོ་ཁྲིད་ཚོས་རང་གི་བུ་ཕྲུག་རྣམས་ཨ་རིའི་སློབ་ཆེན་ཁག་ལ་སློབ་སྦྱོང་དུ་གཏོང་གི་ཡོད་པ་ལྟར་ཧོང་ཀོང་གི་འགོ་ཁྲིད་ཚོས་ཀྱང་རང་གི་བུ་ཕྲུག་རྣམས་ཨ་རིར་སློབ་སྦྱོང་ལ་གཏོང་དགོས་བསམ་ན་དེ་ལ་འགོག་རྐྱེན་འཕྲད་པའི་ཉེན་ཁ་ཡོད་པ་རེད།།

ཨ་རི་དང་ཧོང་ཀོང་གི་ཕྱིར་ཚོང་། ཉེ་དུས་ཤིག་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཉེས་ཆད་གཅོད་ཀྱི་ཡོད་པ་ཧོང་ཀོང་གི་དངོས་ཟོག་ཁག་ལའང་གཅིག་མཚུངས་སུ་འགེལ་རྒྱུ། ཧོང་ཀོང་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་དངོས་ཟོག་རྣམས་སླར་ཡང་ཧོང་ཀོང་ནས་རྒྱ་ནག་སྐམ་ས་ཆེན་མོར་ཕྱིར་ཚོང་བྱེད་ཆོག་པའི་བཀའ་འཁྲོལ་ལག་འཁྱེར་རྣམས་ཕྱིར་བསྡུ་བྱ་རྒྱུ། ད་ནས་ཨ་མི་རི་ཀས་ཧོང་ཀོང་གི་སྲུང་སྐྱོབ་དང་བདེ་འཇགས་ལ་མཁོ་བའི་ཡོ་ཆད་རྣམས་ཀྱང་ཕྱིར་ཚོང་བྱ་རྒྱུ་མིན་པ། ཨ་མི་རི་ཀས་ཧོང་ཀོང་ལ་ཨ་སྒོར་དུང་ཕྱུར་༤་ནས་ཨ་སྒོར་དུང་ཕྱུར་༥་ཡས་མས་ཀྱི་དངོས་ཟོག་ཕྱིར་ཚོང་བྱ་དགོས་ན་དེ་ལ་ངེས་པར་དུ་ཨ་རིའི་ཚོང་དོན་ལྷན་ཁང་གི་བཟོ་ལས་དང་བདེ་འཇགས་ཚན་པས་ཞིབ་འཇུག་བྱ་རྒྱུ། ༢༠༡༦་ནས་༢༠༡༨་བར་དུ་ཧོང་ཀོང་གིས་ཨ་མི་རི་ཀ་ནས་བརྡ་འཕྲིན་མ་ལག་དང་ཆ་འཕྲིན་བདེ་འཇགས་ཀྱི་གློག་ཆས་རྣམས་ནང་འདྲེན་ཤུགས་ཆེན་པོ་བྱས་ཤིང་། ཨ་མི་རི་ཀ་ནི་ཧོང་ཀོང་གི་ཚོང་གྲོགས་ཨང་དང་པོའི་གྲས་སུ་ཡོད་པ་དང་སྔ་ལོ་གཅིག་པུར་ཨ་རི་དང་ཧོང་ཀོང་གི་ཚོང་ལས་ཧོང་ཀོང་སྒོར་མོ་ཐེར་འབུམ་༥༡༧་ཟིན། དེ་ནི་མངའ་ཁུལ་དེའི་སྤྱི་ཡོངས་དཔལ་འབྱོར་ཐོན་འབོར་གྱི་བརྒྱ་ཆ་༦་དང་གྲངས་ཆུང་༢་ཡིན་ཞིང་། ༢༠༡༩་ལོར་ཨ་རི་དང་ཧོང་ཀོང་གི་ཚོང་ལས་ནང་དུ་ཨ་མི་རི་ཀས་ཧོང་ཀོང་ལ་ཨ་སྒོར་ཐེར་འབུམ་༢༦་གི་དངོས་ཟོག་མང་བ་བཙོངས་ཐུབ་ཡོད་པས་ཕྱོགས་གཉིས་ཀྱི་ཚོང་ལས་ནང་དུ་ཨ་རིར་ཁེ་ཕན་ཐོབ་འདུག

ཧོང་ཀོང་གི་སྲུང་སྐྱོབ་དང་བདེ་འཇགས་ཀྱི་ཡོ་བྱད་ཉོ་ཚོང་། ཧོང་ཀོང་གི་ཉེན་རྟོག་པར་མཁོ་བའི་མཚོན་ཆ་དང་ཡོ་བྱད་རྣམས་ཨ་མི་རི་ཀས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རྣམས་འཕྲལ་དུ་མཚམས་འཇོག་བྱ་རྒྱུ། ཧོང་ཀོང་གི་ཉེན་རྟོག་པའི་ལས་སྣེ་ཞིག་གིས་ང་ཚོ་ཨ་མི་རི་ཀ་གཅིག་པུར་བརྟེན་ནས་ཁུངས་འཁྱོལ་གྱི་མ་རེད། ཧོང་ཀོང་གི་ཉེན་རྟོག་པའི་མཚོན་ཆ་དང་ཡོ་བྱད་རྣམས་རྒྱ་ནག་སྐམ་ས་ཆེན་མོ་ཚུད་པའི་རྒྱལ་ཁབ་མང་དག་ཅིག་ནས་ནང་འདྲེན་བྱེད་ཀྱི་ཡོད། ཨ་མི་རི་ཀས་ང་ཚོར་གཞན་ལ་མེད་པ་ཞིག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དེ་འདྲ་ནི་མིན། ཧོང་ཀོང་གི་ཉེན་རྟོག་པར་མཁོ་བའི་མཚོན་ཆ་རྣམས་ཨ་མི་རི་ཀས་མ་བཙོངས་ཀྱང་ང་ཚོར་ཉོ་སའི་ཁྲོམ་ར་གཞན་པ་ཡོད་ཅེས་བཤད།།

ཧོང་ཀོང་དང་ཨ་རིའི་ཤེས་ཡོན་སློབ་གསོ་མཉམ་འབྲེལ། ཨ་མི་རི་ཀས་རིམ་བཞིན་ཧོང་ཀོང་གི་སློབ་ཕྲུག་ཚོར་སློབ་ཡོན་རོགས་རམ་བྱས་ནས་ཨ་རིའི་སློབ་ཆེན་ཁག་ཏུ་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱི་ཡོད་པ་མེད་པར་གཏོང་རྒྱུ། ཨ་མི་རི་ཀས་འཛམ་གླིང་ཡུལ་གྲུ་གང་སའི་སློབ་ཕྲུག་ཚོར་སློབ་ཡོན་རོགས་རམ་དང་ཨ་རིའི་སློབ་ཆེན་ཁག་ཏུ་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱི་ཡོད་པ་ལྟར་༡༩༩༦་ནས་ད་ལྟའི་བར་དུ་ཨ་མི་རི་ཀས་ཧོང་ཀོང་གི་སློབ་ཕྲུག་༡༧༣་ལ་སློབ་ཡོན་རོགས་རམ་སྤྲད་ནས་ཨ་རིའི་སློབ་ཆེན་ཁག་ཏུ་སློབ་སྦྱོང་གི་གོ་སྐབས་ཐོབ། ཧོང་ཀོང་གི་རྒྱ་ནག་སློབ་གྲྭ་ཆེན་མོའི་མཁའ་དབྱིངས་དང་ས་གཞིའི་ཞིབ་འཇུག་ཁང་ལ་ཨ་མི་རི་ཀའི་ས་ཞིང་བདག་སྐྱོང་ཁང་གི་ས་ཞིབ་སྡེ་ཚན་གྱིས་མཉམ་འབྲེལ་བྱེད་ཆོག་པའི་དམིགས་བསལ་ཁེ་ཕན་སྤྲོད་ཀྱི་ཡོད་པའང་ཕྱིར་བསྡུ་བྱས་འདུག

ཧོང་ཀོང་དང་ཨ་རིའི་རྩིས་སྤྲོད་གྲོས་མཐུན། ཧོང་ཀོང་དང་ཨ་མི་རི་ཀ་གཉིས་ཀྱིས་ཕན་ཚུན་ཁྲིམས་བྱོལ་བ་དང་ཁྲིམས་ཐག་བཅད་ཟིན་པའི་ཉེས་ཅན་རྣམས་རྩིས་སྤྲོད་ཀྱི་གྲོས་མཐུན་བཞག་ཡོད་པའང་ལག་ལེན་བསྟར་རྒྱུ་ངང་འཐེན་བྱས་འདུག ཧོང་ཀོང་གི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ན། ༢༠༡༥་ནས་༢༠༡༨་བར་དུ་ཨ་མི་རི་ཀས་མི་སྣ་དོགས་ཅན་རྩིས་སྤྲོད་བྱ་དགོས་ཞེས་ཧོང་ཀོང་གི་ཁྲིམས་འཛིན་ལྷན་ཁང་ལ་སྙན་ཞུ་ཐེངས་འདུན་ཕུལ་འདུག དེ་དག་གི་གྲས་ཀྱི་མི་གཉིས་ཧོང་ཀོང་ས་གནས་གཞུང་གིས་ཨ་མི་རི་ཀར་རྩིས་སྤྲོད་བྱས་ཀྱང་༢༠༡༨་ལོར་ཨ་རིའི་སྙན་ཞུ་གཉིས་ཕུལ་བ་དེར་ཧོང་ཀོང་གི་ཁྲིམས་འཛིན་ལྷན་ཁང་གིས་ཆོག་མཆན་བཀོད་མེད་ཅིང་། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱས་པར་རྒྱ་ནག་གི་ལན་པ་སློག་རྒྱུ་ཡིན། རྒྱ་ནག་གིས་ཀྱང་ཨ་རིའི་སྐྱེ་བོ་སྒེར་པ་ཁག་དང་ཨ་རིའི་དངུལ་ཁང་ཁག་ཅིག་དམིགས་འབེན་དུ་བཟུང་ནས་ལན་པ་སློག་ཆོག ཧོང་ཀོང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་འབའ་ཞིག་ཡིན་པས་རྒྱལ་ཁབ་གཞན་ལ་དེར་ཐེ་གཏོགས་བྱེད་ཆོག་པའི་ཐོབ་ཐང་མེད་ཅེས་དགག་པ་བརྒྱབ་འདུག

XS
SM
MD
LG