ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁེ་ན་ཌའི་འོས་བསྡུར་རྒྱ་ནག་གིས་ཐེ་ཇུས་བྱ་ཐབས་བྱས་པར་ཞིབ་འཇུག 


༄༅།། སྲིད་བློན་ཊུ་རུ་ཌོས་རང་བཙན་གྱི་དམིགས་བསལ་ཞིབ་འཇུག་པ་ཞིག་བསྐོ་བཞག་བྱ་རྒྱུ་དང་རྒྱལ་ཁབ་དེའི་ཆེས་གསང་བའི་གནས་ཚུལ་ཁག་ལྟ་ཀློག་བྱེད་ཆོག་པའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་བཙུགས་ཏེ་ཁེ་ན་ཌའི་འོས་བསྡུར་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཇུས་བྱ་ཐབས་བྱས་ཡོད་མེད་ཞིབ་འཇུག་བྱ་དགོས་པའི་བཀའ་ཕབ་འདུག གཟའ་མིག་དམར་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁེ་ན་ཌའི་གསང་བའི་ལས་ཁུངས་ཁག་གིས་རྒྱ་ནག་དང་ཨུ་རུ་སུ། ཨི་རན་སོགས་ཕྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཁེ་ན་ཌའི་འོས་བསྡུར་ཐེ་ཇུས་བྱ་ཐབས་བྱས་འདུག་ཅེས་བཤད་པའི་གནས་ཚུལ་ཐོན་ཞིང་། ༢༠༡༩་དང་༢༠༢༡་གི་ཁེ་ན་ཌའི་འོས་བསྡུ་ཁག་ལ་རྒྱ་ནག་གིས་ཐེ་ཇུས་བྱ་རྒྱུའི་འབད་བརྩོན་བྱས་པའི་གནས་ཚུལ་ཐོན་ནས་བཟུང་། ཁེ་ན་ཌའི་ཕྱོགས་འགལ་ཚོགས་པ་ཁག་གིས་སྲིད་བློན་ཊུ་རུ་ཌོའི་གཞུང་ལ་སྐྱོན་མང་དུ་བྱུང་། ཁ་སང་གཟའ་ཟླ་བའི་ཉིན་སྲིད་བློན་ཊུ་རུ་ཌོས་རྒྱལ་ས་ཨོ་ཊ་ཝ་གྲོང་ཁྱེར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཁེ་ན་ཌའི་དམངས་གཙོའི་ལམ་ལུགས་དང་འོས་འདེམས། ང་ཚོའི་སྒྲིག་འཛུགས་ཁག་ལ་ཡིད་ཆེས་འཕེར་བ་ཞིག་ཡོང་རྒྱུ་ནི་གལ་གནད་ཆེན་པོ་ཡིན། དེ་ལ་ང་ཚོ་ཚང་མ་བློ་ཁ་གཅིག་ཏུ་མཐུན། འདི་ནི་སྲིད་དོན་ཚོགས་པ་ཁག་གི་རྩོད་གཞི་ཞིག་མིན་པ་དང་ཡིན་ཡང་མི་རུང་། ངས་མི་དམངས་ལ་དོགས་པ་ཡོད་པ་ཤེས་ཀྱི་ཡོད། མི་དམངས་རྣམས་བློ་གདེང་ཁེལ་བ་ཞིག་ཡོང་དགོས་ངེས་རེད་ཅེས་གསལ་བསྒྲགས་སྤེལ། འདས་པའི་བདུན་ཕྲག་མང་པོར་སྲིད་བློན་ཊུ་རུ་ཌོས་ཁེ་ན་ཌའི་འོས་བསྡུར་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་ཇུས་བྱ་ཐབས་བྱས་པ་རེད་ཅེས་གླེང་སློང་འབྱུང་གི་ཡོད་པ་རྣམས་ཁུངས་འཕེར་ཞིག་མི་འདུག་ཅེས་ལན་འདེབས་བྱས་ནས་སྲིད་ཇུས་ལ་འགྱུར་བ་མ་ཐེབས། ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོའི་སྲིད་བློན་ཊུ་རུ་ཌོའི་གཞུང་གིས་ཁེ་ན་ཌའི་འོས་བསྡུར་རྒྱ་ནག་སོགས་ཀྱིས་ཐེ་ཇུས་བྱེད་ཀྱི་ཡོད་མེད་ཞིབ་འཇུག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་། གཟའ་ཟླ་བའི་ཉིན་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཕི་ཡེར་ཕོ་ལི་ཡེབ་ཀྱིས་སྲིད་བློན་ཊུ་རུ་ཌོས་ཞིབ་འཇུག་ཚོགས་པ་འཛུགས་རྒྱུའི་གསལ་བསྒྲགས་སྤེལ་བ་ནི་མུ་མཐུད་དུ་རང་སྐྱོན་འགེབས་ཐབས་བྱ་རྒྱུའི་རྟགས་སུ་མངོན་ཞེས་སྐྱོན་བཙུགས། ཁེ་ན་ཌར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁག་གིས་སྐྱོན་འཛུགས་དེ་ཁུངས་ལུང་མེད་པའི་མིང་ཤས་བཟོ་ཐབས་ཤིག་རེད་ཅེས་དགག་པ་བརྒྱབ།།

སྲིད་བློན་ཊུ་རུ་ཌོས་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་དང་གྲོས་ཚོགས་ཀྱི་གསང་བའི་ལས་དོན་ཚོགས་ཆུང་གི་འཐུས་མི་ཚོས་ཁེ་ན་ཌའི་འོས་བསྡུར་རྒྱ་ནག་གིས་ཐེ་ཇུས་བྱ་ཐབས་བྱས་ཡོད་མེད་ཞིབ་འཇུག་བྱ་དགོས། ཞིབ་འཇུག་ཚོགས་ཆུང་དེར་ཁེ་ན་ཌའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་དོན་ཚོགས་པ་ཚང་མའི་འཐུས་མི་སྟེ། རྒྱལ་ཁབ་ཀྱི་ཆེས་གསང་བའི་གནས་ཚུལ་ཁག་ལྟ་ཀློག་བྱེད་ཆོག་པའི་འཐུས་མི་རྣམས་འདུས་ཡོད། གྲོས་ཚོགས་འཐུས་མི་ཚོས་གསང་བའི་ལས་ཁུངས་ཀྱིས་སྤྲད་པའི་གནས་ཚུལ་ཁག་གསང་རྒྱ་དམ་པོ་བྱ་རྒྱུ་དང་གསར་འགོད་པ་ཚོར་གསང་བའི་གནས་ཚུལ་ཕྱིར་བསྒྲགས་བྱ་རྒྱུ་མིན་པའི་ཁས་ལེན་དམ་བཅའ་དགོས་ཞེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན། ཁེ་ན་ཌའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཕི་ཡེར་ཕོ་ལི་ཡེབ་ཀྱིས་གསང་བའི་ཚོགས་ཆུང་ཞིག་གིས་གསང་བའི་ཉན་ཞིབ་བྱས་ནས་གསང་བའི་མཇུག་སྡོམ་རྒྱག་རྒྱུ་རེད། ཞིབ་འཇུག་གི་རྒྱུད་རིམ་མཐའ་དག་སྲིད་བློན་གྱི་སྟབས་འཛིན་འོག་ཏུ་ཡོད་པས་ཞིབ་འཇུག་དེ་ཕྱི་གསལ་ནང་གསལ་མིན་པ་ལྟར་རང་དབང་ཡོད་པ་ཞིག་ཀྱང་མ་རེད། ཁེ་ན་ཌའི་ཆབ་སྲིད་དང་སྲིད་གཞུང་ལ་རྒྱ་ནག་གིས་ཐེ་ཇུས་ཅི་ཙམ་བྱས་ཡོད་པ་གཏན་ནས་ཤེས་རྟོགས་ཐུབ་དཀའ་ཞེས་སྐྱོན་ཕབ། ༢༠༢༡་ལོའི་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འོས་བསྡུུའི་འགན་འཛིན་ཧྥ་རེ་ཌི་ཌེ་ལོ་རེས་གཟའ་ཉི་མའི་ཉིན་ཊོ་རན་ཊོ་སྐར་མ་ཚགས་པར་ནང་དུ་རྩོམ་ཡིག་བྲིས་ནས་ཡོངས་གྲགས་སུ་ཞིབ་འཇུག་བྱས་ན་ནུས་པ་མི་ཐོན། གྲོས་ཚོགས་འཐུས་མི་ཚོས་ཞིབ་འཇུག་བྱ་འཆར་ཡོད་པར་རྒྱབ་སྐྱོར་ཡོད། ༢༠༢༡་ལོའི་འོས་བསྡུའི་གྲུབ་འབྲས་ལ་ཕྱི་ལོགས་ཀྱི་ཤུགས་རྐྱེན་ཐེབས་མེད་པ་ཁག་ཐེག་བྱེད་ཆོག་ཅེས་དག་འབུད་བྱས་འདུག

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། གྷ་ལོབ་དང་མེལ་(Golbe and Mail)་གསར་ཁང་གིས་ཟླ་བ་སྔོན་མར་ཁེ་ན་ཌའི་གཞུང་གི་གསང་བའི་ལས་ཁུངས་ནས་༢༠༢༡་ལོར་རྒྱ་ནག་གིས་ཧ་ཅང་ཇུས་མཁས་ཀྱི་སྒོ་ནས་འོས་བསྡུར་ཐེ་ཇུས་བྱས་ནས་རྙིང་ཞེན་ཚོགས་པར་ཕམ་ཉེས་འབྱུང་དུ་འཇུག་རྒྱུ་དང་སྲིད་བློན་ཊུ་རུ་ཌོའི་གུ་ཡངས་ཚོགས་པ་བསྐྱར་དུ་འདེམས་ཐོན་ཐུབ་རྒྱུ། རྒྱ་ནག་དགྲར་འཛིན་གྱི་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འཐུས་མི་ཁག་ཅིག་དམིགས་སུ་བཀར་ནས་ཕམ་ཉེས་འབྱུང་དུ་འཇུག་ཐབས་བྱས་འདུག་ཅེས་བཤད་པའི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ། གོང་གི་གསར་ཁང་དེས་རྒྱ་ནག་དམར་ཤོག་ཚོགས་པས་ཁེ་ན་ཌའི་རྙིང་ཞེན་ཚོགས་པ་ལས་སྲིད་བློན་ཊུ་རུ་ཌོའི་གུ་ཡངས་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ན་དགའ་མོས་བྱས་ཀྱང་དེའི་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན། སྲིད་བློན་ཊུ་རུ་ཌོས་འཐུས་མི་གྲངས་ཉུང་གི་སྲིད་གཞུང་ཞིག་ལས་འཛུགས་མ་ཐུབ་པ་དང་ཕྱི་ལོགས་ནས་དམངས་གཙོའི་འོས་བསྡུར་ཐེ་ཇུས་བྱས་ནས་གྲུབ་འབྲས་ཐོན་རྒྱུ་མིན་པ་མ་ཤེས་པ་འདྲ། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འོས་མི་ཁག་ཅིག་འདེམས་ཐོན་འབྱུང་དུ་བཅུག་མེད་ཅེས་པེ་ཅིང་ལ་སྙན་སེང་ཞུས་ནས་སྤོབས་ངོམ་བྱས་པའི་གནས་ཚུལ་བཀོད། ༢༠༢༡་ལོའི་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་སྐབས་སུ་སྲིད་བློན་ཊུ་རུ་ཌོའི་སྲིད་གཞུང་བསྐྱར་དུ་འདེམས་ཐོན་བྱུང་ཡང་ཁུ་བྷེ་ཁེ་དང་ཊོ་རོན་ཊོ། ཝན་ཁུ་ཝར་བཅས་ཀྱི་འོས་ཤོག་གྲངས་མང་མ་ཐོབ། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་མི་རིགས་འདུས་སྡོད་བྱ་ཡུལ་གྱི་ཁེ་ན་ཌའི་རྫོང་ཁང་དེ་རྣམས་དམིགས་འབེན་དུ་བཟུང་ནས་དྲིལ་བསྒྲགས་ལོག་པ་བྱས་པའམ། ཡང་ན་རྒྱ་ནག་ལ་མཛའ་འབྲེལ་འཛིན་པའི་འོས་མི་ཚོར་དངུལ་སྒོར་ཞལ་འདེབས་སྤྲད་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༣་པའི་ཚེས་༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་ཚོས་སྙན་ཐོ་ཞིག་བཏོན་ནས་༢༠༢༡་གི་ཁེ་ན་ཌའི་འོས་བསྡུར་རྒྱ་ནག་དང་ཨུ་རུ་སུ། ཨི་རན་གསུམ་གྱིས་ཐེ་ཇུས་བྱ་ཐབས་བྱས་ཀྱང་༢༠༡༦་ལོར་ཨ་མི་རི་ཀའི་སྲིད་འཛིན་འོས་བསྡུར་ཨུ་རུ་སུས་ཐེ་ཇུས་བྱས་པ་དེ་འདྲ་ཞིག་ནམ་ཡང་བྱུང་མེད་ཅེས་བསྒྲགས། མོན་ཊི་རི་འོལ་གྲོང་ཁྱེར་གྱི་མེཀ་གྷིལ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཌན་ནིལ་བྷེ་ལན་ཌིས་དམིགས་བསལ་ཞིབ་འཇུག་པ་ཞིག་འཛུགས་ཀྱི་ཡོད་པ་ནི་དུས་ཚོད་སྐྱེལ་ཐབས་ཡིན་སྲིད། སྲིད་བློན་ཊུ་རུ་ཌོས་ཡོངས་གྲགས་སུ་ཞིབ་འཇུག་བྱ་རྒྱུ་མིན་ཟེར་གྱི་མེད་ཀྱང་ཁེ་ན་ཌའི་གུ་ཡངས་ཚོགས་པར་ཉེན་ཁ་ཆེན་པོ་ཞིག་འཕྲད་ཤས་ཆེ། མ་འོངས་པའི་བདུན་ཕྲག་དང་ཟླ་བ་དེ་དག་གི་ནང་དུ་ཅི་ཞིག་རྙེད་རྒྱུ་ཡིན་མིན་ལ་བལྟ་དགོས། ཆབ་སྲིད་ཀྱི་གནད་དོན་ཆེན་པོ་འདི་སྲིད་བློན་ཊུ་རུ་ཌོའི་སྲིད་གཞུང་ལས་སླ་པོར་གཡོལ་ཐབས་ཡོད་པ་ཞིག་མིན་ཞེས་བཀྲལ། ཧྥ་རན་སི་གསར་འགྱུར་ལས་ཁུངས་ཀྱིས་ཁེ་ན་ཌའི་གསང་བའི་ལས་ཁུངས་ཀྱིས་བཏོན་པའི་ཡིག་ཆ་ཁག་གིས་རྒྱལ་ཁབ་དེའི་འོས་བསྡུར་རྒྱ་ནག་ནས་དངོས་སུ་ཐེ་ཇུས་བྱས་ཡོད་པའི་དཔང་རྟགས་ཁུངས་ལྡན་ཞིག་མི་རྙེད་མོད། འོན་ཀྱང་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ཕན་ཚུན་གནས་ཚུལ་གཏོང་རེས་བྱས་པ་དེ་དག་གི་ནང་དུ་༢༠༡༩་དང་༢༠༢༡་ལོར་ཁེ་ན་ཌའི་འོས་བསྡུའི་སྐབས་སུ་རྒྱ་ནག་གིས་ཐེ་ཇུས་བྱ་ཐབས་བྱས་པ་གསལ་པོར་འཁོད། དཔེར་ན་༢༠༡༩་ལོར་རྒྱ་ནག་གིས་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་གྲོས་འཐུས་མི་ཁག་ཅིག་ལ་ཕམ་ཉེས་འབྱུང་དུ་འཇུག་དགོས། གྲོས་ཚོགས་འཐུས་མི་༡༡་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་དགོས། ཁོ་ཚོ་གུ་ཡངས་ཚོགས་པའི་འཐུས་མི་༩་དང་རྙིང་ཞེན་ཚོགས་པའི་འཐུས་མི་གཉིས་ཡིན། ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་འོས་མི་དེ་དག་གིས་རྒྱ་ནག་ལ་མཛའ་འབྲེལ་འཛིན་གྱི་ཡོད་པ་རེད་ཅེས་བཀོད་འདོམས་བྱས་པའི་གནས་ཚུལ་ཐོན།།

ཁེ་ན་ཌའི་གཞུང་གིས་གསང་བའི་གནས་ཚུལ་ཆ་ཚང་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་པས་ངོ་མར་༢༠༢༡་ལོའི་འོས་འདེམས་དེར་རྒྱ་ནག་གིས་ཤུགས་རྐྱེན་ཅི་ཙམ་ཐེབས་ཡོད་མེད་བཤད་མི་ཐུབ་ཅིང་། དེར་བརྟེན་སྲིད་དོན་པ་དང་ཉམས་ཞིབ་པ་ཚོས་འུར་བརྒྱབ་ནས་གནས་ཚུལ་མང་པོ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན། ཌེ་ཝི་ཌི་མོ་རི་སན་གྱིས་གསང་བའི་གནས་ཚུལ་ཁག་གིས་རྟག་ཏུ་ཉེན་ཁ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པའི་རྣམ་པ་བསྐྲུན་ཐུབ། ཡིན་ནའང་ང་ལྟ་བུའི་མི་ཁག་ཅིག་ལ་འཕྲལ་དུ་མཇུག་སྡོམ་རྒྱག་མི་ཉན་པའི་བརྡ་ཞིག་ཀྱང་འཕྲོད། ང་ཚོར་ཕྱོགས་གང་ཐད་དུ་བསམ་ཞིབ་བྱ་དགོས་པའི་སྐུལ་ལྕགས་ཐེབས་ནས་ཕན་ཐོགས་འབྱུང་གི་འདུག གསང་བའི་གནས་ཚུལ་ཡིན་ཟེར་ཚད་ལ་ཆ་འཇོག་བྱེད་མི་འོས། སྔོན་ཆད་ཨི་རག་གི་འགོ་ཁྲིད་ས་ཏམ་ཧུ་སེན་ལ་གཏོར་ཚབས་ཆེ་བའི་མཚོན་ཆ་འདུག་ཅེས་གསང་བའི་གནས་ཚུལ་ཐོན་རུང་ཕྱིས་སུ་ཨི་རན་ལ་གཏོར་ཚབས་ཆེ་བའི་མཚོན་ཆ་མེད་པ་ར་འཕྲོད་པ་རེད་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད། ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཕི་ཡེར་ཕོ་ལི་ཡེབ་ཀྱིས་འདས་པའི་ལོ་བཅུའི་རིང་རྒྱ་ནག་དམར་ཤོག་གི་སྲིད་དབང་སྒེར་གཅོད་གཞུང་གིས་སྲིད་བློན་ཊུ་རུ་ཌོར་རྒྱབ་སྐྱོར་བྱས་པ་དང་སྲིད་བློན་གྱིས་ལོ་བཅུག་ལ་ནག་ཉེས་དེ་རྣམས་འགེབས་སྐུང་བྱས་པ་རེད་ཅེས་ཁ་རྡུང་བཏང་ཞིང་། སྲིད་བློན་ཊུ་རུ་ཌོས་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚང་མས་༢༠༡༩་དང་༢༠༢༡་གི་འོས་བསྡུའི་གྲུབ་འབྲས་ལ་ཕྱི་ལོགས་ཀྱི་ཤུགས་རྐྱེན་ཐེབས་མེད་པའི་གྲོས་མཐུན་བྱུང་བ་རེད། ང་ཚོའི་འོས་བསྡུའི་གྲུབ་འབྲས་ལ་ཤུགས་རྐྱེན་མ་ཐེབས་ཀྱང་ཕྱི་ལོགས་ནས་ཁེ་ན་ཌའི་འོས་བསྡུར་ཐེ་ཇུས་བྱ་ཐབས་བྱས་པ་ཁོ་ན་བློ་འཚབ་བྱེད་དགོས་པ་ཞིག་ལོས་ཡིན། རྒྱ་ནག་གཞུང་དང་ཨི་རན། ཨུ་རུ་སུ་བཅས་ཀྱིས་ང་ཚོའི་འོས་འདེམས་ལ་ཐེ་ཇུས་བྱ་ཐབས་བྱས་པ་གཅིག་པུ་མིན་པར་འཛམ་གླིང་ཡོངས་ཀྱི་དམངས་གཙོའི་ལམ་ལུགས་དང་འོས་བསྡུ་ཁག་ལ་ཐེ་ཇུས་བྱ་ཐབས་བྱེད་ཀྱི་ཡོད་པ་ཤེས་གསལ་རེད་ཅེས་ལན་འདེབས་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG