ངོ་འཕྲད་བདེ་བའི་དྲ་འབྲེལ།

མཱེ་ཁན་གྱི་གཟེངས་རྟགས་ཐོག་ཏུ་རྒྱ་ནག་གིས་ཁེ་ན་ཌར་གནོན་ཤུགས།


༄༅།། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་འདས་པོ་དང་༢༠༠༨་ལོའི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཇཱོན་མཱེ་ཁན་གྱི་མཚན་ཐོག་ཏུ་གསར་གཏོད་གནང་བའི་རྒྱལ་སྤྱིའི་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་དེ་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་འབུལ་རྒྱུ། ཇཱོན་མཱེ་ཁན་གྱི་ཆུང་མ་སིན་ཌི་མཱེ་ཁན་གྱིས་ཀྱང་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གི་ཐག་གཅོད་ལ་མོས་མཐུན་དང་རྒྱབ་སྐྱོར་གནང་བའི་གནས་ཚུལ་ཐོན། ཡིན་ནའང་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གིས་ཁེ་ན་ཌའི་སྲིད་བློན་ཊི་རུ་ཌོར་གནོན་ཤུགས་སྤྲད་ནས་སྲིད་བློན་ཊི་རུ་ཌོས་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གིས་ཇཱོན་མཱེ་ཁན་རྒྱལ་སྤྱིའི་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་སྤྲད་ཚེ། ཁེ་ན་ཌའི་གཞུང་གིས་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་ལ་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༡༣་ཉིན་ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌའི་ནུབ་ཕྱོགས་སུ་ཐེ་ཝན་ལ་རྒྱབ་སྐྱོར་བ་ཤུགས་ཆེན་ཡོད་པ་དང་ཁེ་ན་ཌའི་ནུབ་ཕྱོགས་ཞིང་ཆེན་གཉིས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེན་པོ་འགྲོ་བཞིན་པ། སྲིད་བློན་ཊི་རུ་ཌོས་ཞིས་ཅིན་ཕིང་གི་གནོན་ཤུགས་ལ་མགོ་སྒུར་ཡོད་པ་བཅས་ཀྱིས་ཁེ་ན་ཌའི་མི་དམངས་གྲས་སུ་སྲིད་བློན་ཊི་རུ་ཌོར་མི་དགའ་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་གནས་ཚུལ་སྤེལ་འདུག

༢༠༡༨་ལོར་ཇཱོན་མཱེ་ཁན་རྒྱལ་སྤྱིའི་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་ཡུ་རོབ་རྒྱལ་ཁབ་གྷེ་རི་སིའི་སི་བྷོ་སི་ས་གནས་ཀྱི་མི་དམངས་ལ་ཕུལ་བ་དང་༢༠༡༩་ལོར་གཟེངས་རྟགས་དེ་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མི་དམངས་ལ་ཕུལ། སྲིད་བློན་ཊི་རུ་ཌོས་བཀག་འགོག་མ་བྱས་པ་ཡིན་ན་༢༠༢༠་ལོའི་ཇཱོན་མཱེ་ཁན་རྒྱལ་སྤྱིའི་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་འབུལ་རྒྱུ་ཡིན་ཞིང་། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གི་འཇིགས་སྐུལ་དང་གནོན་ཤུགས་ལ་མགོ་མ་སྒུར་པར་ཐེ་ཝན་མི་དམངས་ལ་དབུ་ཁྲིད་ཀྱི་སྲི་ཞུ་སྒྲུབ་བཞིན་པའི་སྙིང་སྟོབས་ལ་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་དེ་འབུལ་རྒྱུའི་ཐག་བཅད། ཁེ་ན་ཌའི་སྲིད་བློན་ཊི་རུ་ཌོས་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གི་ཐག་གཅོད་རྣམས་ཤེས་རྟོགས་བྱུང་བའི་རྗེས་སུ་རྒྱ་ནག་དང་ཁེ་ན་ཌའི་འབྲེལ་བར་དོ་ཕོག་འགྲོ་རྒྱུ། དེང་སྐབས་མེ་ཁལ་ཞེས་པའི་ཁེ་ན་ཌའི་སྤྱི་དམངས་གཉིས་རྒྱ་ནག་གིས་བཙོན་འཇུག་བྱེད་ཡོད་པ། ཨ་རིའི་སྐུལ་ལྕག་ལྟར་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་བཀག་ཉར་བྱེད་ཡོད་པ་བཅས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་སྲིད་པར་བསམ་བློ་གཏོང་དགོས་པ་ཞིག་ཏུ་གྱུར། ཁེ་ན་ཌའི་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་དང་ཐེ་ཝན་གྱི་རྒྱབ་སྐྱོར་བ་ཚོས་སྲིད་བློན་ཊི་རུ་ཌོས་རྒྱ་ནག་གི་ཐོག་ཏུ་མཁྲེགས་པོ་བྱ་དགོས། སྲིད་བློན་ཊི་རུ་ཌོས་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་ཞིག་ནམ་ཡང་བཟུང་མྱོང་མེད་པས་རྒྱ་ནག་གིས་རྟག་ཏུ་ཁེ་ན་ཌར་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་དང་ཐེ་ཝན་གྱི་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་འབོད་སྐུལ་ལྟར་ལོ་ཤས་གོང་དུ་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བདག་པོའི་བུ་མོ་མེན་ཝན་ཀྲུག་བཀག་ནར་བྱས་ནས་བཟུང་། རྒྱ་ནག་གིས་ཁེ་ན་ཌའི་མཱེ་ཁལ་ཁོབ་རིཀ་དང་མཱེ་ཁལ་སི་པ་ཝྭོར་ཞེས་པ་གཉིས་འཛིན་བཟུང་བྱས་ཤིང་། མེན་ཝན་ཀྲུག་བཙོན་ཁང་དུ་འགོག་མ་དགོས་པར་རྐང་པར་རྟོག་ཞིབ་རྐང་གདུབ་བཏགས་ནས་གང་སར་བསྐྱོད་ཆོག་ཀྱང་ཁེ་ན་ཌའི་མཱེ་ཁལ་གཉིས་རྒྱ་ནག་གི་བཙོན་ཁང་དུ་ཕྱི་ལ་བསྐྱོད་ས་མེད་པ། ཁེ་ན་ཌའི་གཞུང་གིས་ཨ་མི་རི་ཀས་མེན་ཝན་ཀྲུག་ལ་ཁྲིམས་བཤེར་དྲང་སྙོམས་ཤིག་བྱེད་མིན་དོགས་ཟོན་བྱས་ནས་ཨ་རིར་རྩིས་སྤྲོད་བྱ་རྒྱུ་མིན་པའི་རྣམ་འགྱུར་བསྟན། རྒྱ་ནག་གིས་ཁེ་ན་ཌའི་སྤྱི་དམངས་དེ་དག་ལ་གསང་ཉུལ་དང་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་གྱི་ནག་ཉེས་བཙུགས། ད་ལོའི་ཕྱི་ཟླ་༢་པར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བའི་ཐོག་ཏུ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག ཁེ་ན་ཌའི་དབུས་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་དོན་དུ་རྒྱ་ནག་ལ་ལངས་ཕྱོགས་གསལ་པོ་ཞིག་འཛིན་དགོས་ཞེས་འོས་ཤོག་འཕངས། སྲིད་བློན་ཊི་རུ་ཌོ་རྒྱ་ནག་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་འདུག་ཅེས་གྲོས་ཚོགས་སུ་འོས་ཤོག་འཕངས་པའི་མཛད་རིམ་ལ་མཉམ་ཞུགས་མ་བྱས་པ། ཁོང་གིས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་རྒྱ་ནག་ལ་སྐྱོན་བརྗོད་བྱས་མ་ཕོད་པར་མ་ཟད། སྲིད་བློན་ཊི་རུ་ཌོའི་གཞུང་འཛིན་ལྷན་ཁང་གི་བློན་ཆེན་གཅིག་ཀྱང་གྲོས་ཚོགས་ཀྱི་མཛད་རིམ་དེར་མཉམ་ཞུགས་བྱས་མེད་ཅིང་། སྲིད་བློན་ཊི་རུ་ཌོས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཨོན་ཊ་རི་ཡོའི་གངས་ཁྲོད་དུ་དམག་སྦྱོང་ལ་མགྲོན་འབོད་བྱས་ཀྱང་ཕྱིས་སུ་མགྲོན་ཤོག་ཕྱིར་འཐེན་བྱ་དགོས་བྱུང་འདུག དེ་ནི་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་ཁེ་ན་ཌའི་གཞུང་ལ་རྣམ་འགྱུར་དྲག་པོ་བསྟན་པ་དང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཁེ་ན་ཌའི་ས་ཐོག་ཏུ་དམག་སྦྱོང་བྱེད་དུ་མགྲོན་འབོད་བྱ་རྒྱུ་ནི་འོས་འཚམས་ཤིག་མ་རེད་ཅེས་དགག་པ་བརྒྱབ་ནས་བཀག་པ་རེད་ཅེས་གནས་ཚུལ་ཐོན་འདུག

ཁེ་ན་ཌའི་སྲིད་བློན་ཊི་རུ་ཌོས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཇཱོན་མཱེ་ཁན་རྒྱལ་སྤྱིའི་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་འབུལ་རྒྱུ་འགོག་ཐབས་བྱེད་བཞིན་པ་དང་ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ནས་བཟུང་། ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཉམས་ཞིབ་ཁང་དཀའ་ངལ་ཆེན་པོ་ཞིག་གི་བར་དུ་ཚུད། དེར་བརྟེན་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཉམས་ཞིབ་ཁང་གི་གཙོ་འཛིན་གཞོན་པ་རོ་བྷིན་ཤེ་ཕཱར་ཌིས་༢༠༢༠་ལོའི་ཇཱོན་མཱེ་ཁན་རྒྱལ་སྤྱིའི་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་སུ་ལ་འབུལ་དགོས་མིན་ཐག་གཅོད་བྱས་མེད། ང་ཚོས་དུས་སྐབས་འོས་འཚམས་ཤིག་ལ་གཟེངས་རྟགས་དེ་སུ་ལ་འབུལ་དགོས་མིན་ཁྱབ་བསྒྲགས་བྱ་རྒྱུ་ཡིན། སྲིད་འཛིན་ཚེ་དབྱིན་ཝེན་ནི་རྒྱལ་སྤྱིའི་ཐོག་ཏུ་གོང་བཀུར་འོས་པའི་དབུ་ཁྲིད་ཅིག་རེད། ཁོང་བུད་མེད་ཅིག་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཐེངས་དང་པོ་ཡིན་པ་དང་ཐེ་ཝན་ནི་རྒྱལ་སྤྱིའི་ཐོག་ཏུ་དམངས་གཙོའི་ལམ་ལུགས་དར་སྤེལ་བ་གཙོ་བོ་ཞིག་ཀྱང་རེད། སྲིད་འཛིན་ཚེ་དབྱིན་ཝེན་གཟེངས་རྟགས་འབུལ་ཡུལ་འོས་ཤིང་འཚམས་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ་འདུག ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གིས་སྲིད་འཛིན་ཚེ་དབྱིན་ཝེན་ལ་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་གནང་ཚེ། དེ་ནི་སྲིད་འཛིན་ཚེ་དབྱིན་ཝེན་དང་ཐེ་ཝན་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་ལ་འཐབ་རྩོད་དང་དམངས་གཙོ་དར་སྤེལ་བཏང་བའི་བྱས་རྗེས་ལ་ངོས་འཛིན་ཐོབ་པ་ཞིག་རེད། ཡིན་ནའང་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་དམངས་གཙོའི་ལམ་ལུགས་ལྟར་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་མང་མོས་ཐག་གཅོད་ལ་བརྩི་འཇོག་ཞུ་རྒྱུ་ཡིན། ཐེ་ཝན་དང་ཁེ་ན་ཌ་གཉིས་ལ་མཛའ་འབྲེལ་བཟང་པོ་ཡོད། ཐེ་ཝན་དང་ཁེ་ན་ཌ་གཉིས་ཀས་དམངས་གཙོ་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བརྩི་འཇོག་བྱེད་དགོས་པའི་ལྟ་གྲུབ་གཅིག་མཚུངས་ཤིག་བཟུང་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཁེ་ན་ཌའི་རྒྱལ་སྲུང་བློན་ཆེན་ཧར་ཇི་ཏ་ས་ཇཱན་གྱིས་ལོ་མཇུག་འདིར་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གིས་ཁེ་ན་ཌའི་གཞུང་ལ་རོགས་དངུལ་ཞུ་བའི་དུས་སུ་ཞིབ་འཇུག་ཁང་དེའི་ལས་དོན་སྒྲུབ་ཕྱོགས་ལ་བལྟ་རྒྱུ་ཡིན་ཞེས་བཤད་པ་ཡིན། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་མཱེ་ཁན་རྒྱལ་སྤྱིའི་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་ཕུལ་ཚེ། ཁེ་ན་ཌའི་གཞུང་གིས་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་ལ་རོགས་དངུལ་སྤྲོད་རྒྱུ་མིན་པའི་སྡིགས་སྐུལ་བྱས་པ་རེད་ཅེས་གནས་ཚུལ་ཞིག་འཐོན་བཞིན་པ་ནི་བདེན་པ་མ་རེད། ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་ནི་རང་བཙན་གྱི་སྒྲིག་འཛུགས་ཤིག་ཡིན་པ་དང་སྒྲིག་འཛུགས་དེའི་གཟེངས་རྟགས་སུ་ལ་འབུལ་རྒྱུ་ཡིན་མིན་ཡང་སྒྲིག་འཛུགས་དེས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ཅེས་ཁ་སང་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་བའི་ལས་དོན་ཚོགས་ཆུང་གི་འཐུས་མི་ཚོར་སྙན་གསེང་ཞུས། ཡིན་ནའང་རྒྱལ་སྲུང་བློན་ཆེན་ཧར་ཇི་ཏ་ས་ཇཱན་གྱིས་༢༠༢༡་ལོར་མུ་མཐུད་དུ་ཁེ་ན་ཌའི་གཞུང་གིས་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་ལ་འགྲོ་གྲོན་རོགས་རམ་སྤྲོད་རྒྱུ་ཡིན་མིན། གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་གཟེངས་རྟགས་འབུལ་འོས་མིན་དྲིས་པ་བཅས་ལ་ལན་འདེབས་གང་ཡང་མ་བྱས་ཤིང་། ཕྱི་ཟླ་༤་པའི་ཚེས་༡༢་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་ན་ནིང་ལོ་མཇུག་དེར་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཇཱོན་མཱེ་ཁན་རྒྱལ་སྤྱིའི་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་འབུལ་རྒྱུའི་ཐག་བཅད་པ་རེད། ཁེ་ན་ཌའི་གཞུང་གིས་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་ལ་གནོན་ཤུགས་སྤྲད། ཁོ་ཚོས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་གཟེངས་ཐོན་དབུ་ཁྲིད་ཀྱི་གཟེངས་རྟགས་ཕུལ་ན་ཁེ་ན་ཌའི་གཞུང་གིས་སྒྲིག་འཛུགས་དེར་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ལུགས་ཀྱི་གནས་ཚུལ་ཞིབ་ཕྲ་ཞིག་སྤེལ་ཡོད་པ་རེད།།

XS
SM
MD
LG