ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཟླ་བ་རྗེས་མར་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་བྱ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༩་ཚེས་༥་ཉིན་རྒྱ་ནག་གི་སྲིད་བློན་གཞོན་པ་དང་ཚོང་དོན་གྲོས་མོལ་འགོ་བ་གཅིག་ལྕོགས་ཏེ། ལིའུ་ཧེ་དང་ཨ་རིའི་ཚོང་དོན་གྲོས་མོལ་འགོ་བ་དང་ནོར་སྲིད་དྲུང་ཆེ་བཅས་ཀྱིས་ཁ་པར་ཐོག་ཏུ་བཀའ་མོལ་གནང་སྟེ་ཕྱི་ཟླ་༡༠་མགོ་སྟོད་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོ་རྒྱལ་ས་ཝ་ཤིང་ཊོན་དུ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་ཞིང་། རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་གའོ་ཧྥེང་གིས་ང་ཚོ་ཕྱོགས་གཉིས་ཀ་ཚོང་དོན་གྲོས་མོལ་རྒྱུན་འཁྱོངས་ཐུབ་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པའི་འབད་བརྩོན་བྱ་འདོད་ཡོད། ཕྱི་ཟླ་༡༠་པར་ཚུགས་རྒྱུའི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ཐེངས་༡༣་པ་དེར་གྲུབ་འབྲས་ཤིག་འཐོན་པར་ཕྱོགས་གཉིས་ཀྱི་ལས་སྣེ་ཚོས་གྲ་སྒྲིག་གང་ལེགས་བྱེད་ཀྱི་ཡོད། རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་དོན་ལས་སྣེ་ཚོས་འབྲེལ་བ་དམ་ཟབ་ཅིག་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་བཤད། ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཀྱི་ལས་ཁུངས་ཀྱིས་ཀྱང་ཕྱི་ཟླ་༩་པའི་ཟླ་དཀྱིལ་དེར་ཕྱོགས་གཉིས་ཀྱི་ཚོང་དོན་སྐུ་ཚབ་གཞོན་པ་ཚོས་གྲོས་མོལ་བྱ་འཆར་ཡོད་ཅེས་ངེས་གཏན་བྱས་འདུག ཉེ་ཆར་ཕྱི་ཟླ་༨་ཚེས་༡༣་ཉིན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་ཕན་ཚུན་ཁ་པར་ཐོག་ཏུ་བཀའ་མོལ་གནང་བའི་སྐབས་སུའང་ཕྱི་ཟླ་༩་པའི་ནང་དུ་ཕྱོགས་གཉིས་ཀྱི་གྲོས་མོལ་འཕྲོ་སྐྱོང་བྱ་འཆར་ཡོད་ཅེས་གྲོས་མཐུན་བྱུང་རུང་དེ་ནས་བཟུང་སྟེ་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཇེ་མང་དུ་བཏང་བས་རྒྱ་ནག་གིས་ཨ་མི་རི་ཀའི་གནོན་ཤུགས་ལ་མགོ་སྒུར་རྒྱུ་མིན་ཞེས་ངར་སྐད་བསྒྲགས་ནས་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་མི་ཐུབ་པའི་རྟགས་མཚན་ཞིག་ཐོན།

གཟའ་ཕུར་བུའི་ཁ་པར་གྲོས་མོལ་འདིར་རྒྱ་ནག་གི་ཚོང་དོན་བློན་ཆེན་ཀྲུང་ཧྲན་དང་དབུས་དངུལ་ཁང་གི་གཙོ་འཛིན་དབྱི་གཱང་དང་ནིང་ཅི་ཀྲེ། རྒྱ་ནག་གི་རྒྱལ་ཡོངས་འཛུགས་སྐྲུན་དང་ལེགས་བཅོས་ལྷན་ཁང་གི་འགོ་ཁྲིད་གཞོན་པ་སོགས་ཀྱང་མཉམ་ཞུགས་བྱས་ཀྱང་ཕྱི་ཟླ་༩་ཚེས་༡་ཉིན་ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༡༡༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པས་རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་རྣམས་སྔར་ལས་རིན་གོང་འཕར། རྒྱ་ནག་གི་བཟོ་གྲྭ་མང་པོ་ཞིག་སྒོ་རྒྱག་པ་དང་བཟོ་བ་ཉུང་དུ་གཏོང་བ། ཐ་ན་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ལ་ཕྱོགས་ཡོངས་ནས་གནོད་སྐྱོན་ཆེན་པོ་ཞིག་འཕོག་གི་ཡོད་པའི་རྟགས་མཚན་མང་པོ་ཞིག་ཐོན། རྒྱ་ནག་གི་དཔལ་འབྱོར་ཉིན་རེའི་ཚགས་པར་ལ་ཕྱོགས་གཉིས་ཀྱི་ལས་སྣེ་ཚོས་ཕན་ཚུན་གྱི་འགག་རྩ་དེར་གྲོས་བསྡུར་བྱ་སྲིད་ཅེས་དཔྱད་རྩོམ་ཞིག་སྤེལ། རྒྱ་ནག་གཞུང་གིས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འདི་སྒོ་ཁྲལ་ཕྱིར་འཐེན་དང་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་དང་འབྲོག་ལས། དེ་མིན་གྱི་ཐོན་སྐྱེད་རྣམས་དངོས་ཡོད་གནས་ལུགས་ལ་མཐུན་པའི་གྲངས་འབོར་ཞིག་ནང་འདྲེན་བྱ་རྒྱུ་ཚུགས་པའི་འདྲ་མཉམ་དང་ཆ་མཉམ་གྱི་གྲོས་མོལ་ཞིག་ཡིན་དགོས། ཕྱི་ཟླ་༡༠་པའི་གྲོས་མོལ་སྐབས་སུ་བཟང་ཕྱོགས་དང་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པའམ། ཡང་ན་སྔོན་གྱི་འཐེན་འཁྱེར་ཁག་བསྐྱར་ཟློས་བྱ་རྒྱུ་ཡིན་མིན་ནི་ཨ་མི་རི་ཀར་ཐུག་ཡོད་ཅེས་བཀོད།

ཉམས་ཞིབ་པ་ཚོས་ཟླ་བ་རྗེས་མའི་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཞིག་འཐོན་ཐུབ་པའི་རེ་བ་འཆང་གི་མེད་པ་སྟེ། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ལུ་ཞཱང་གིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་བ་ཚོས་གྲོས་གཞི་ཞིག་ལ་གྲོས་བསྡུར་བྱེད་ཆོག ཡིན་ནའང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་བ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་ངོ་ཚབ་བྱས་ནས་སྐད་ཆ་བཤད་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྱེད་དཀའ། ཌོ་ནལ་ཊམ་གྱིས་ཅི་ཞིག་བྱ་རྒྱུ་ཡིན་མིན་སྔར་ལས་ཚོད་དཔག་དཀའ་བ་ཞིག་ཏུ་གྱུར། ང་ཚོས་ཌོ་ནལ་ཊམ་གྱི་ཡིད་རྟོན་མི་རུང་བའི་བྱ་སྤྱོད་ལ་བལྟས་ནས་ཚོང་དོན་གྲོས་མོལ་དེར་རེ་བ་ཆེན་པོ་ཞིག་མ་འཆང་ན་ལེགས་ཞེས་བཤད་འདུག པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཝང་ཡུང་གིས་ཨ་མི་རི་ཀའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་ཚེ། ཨ་མི་རི་ཀས་དགོས་འདུན་འདོན་རྒྱུ་ཇེ་ཉུང་དང་སྲིད་འཛིན་ཌོ་ནལ་ཊམ་ལ་ངེས་གཏན་མེད་པའང་ཉུང་དུ་འགྲོ་སྲིད། ཌོ་ནལ་ཊམ་གྱིས་རང་གི་འདོད་མོས་ལྟར་ཊོས་ཊར་དྲྭ་ལམ་འཕྲིན་ཐུང་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་ནི་ཧ་ཅང་གི་ཉེན་ཀ་ཞིག་རེད། ཟླ་བ་རྗེས་མར་རྒྱ་ནག་གི་ཁྲོམ་ར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་སྒོ་འབྱེད་དགོས་པ་དང་ཨ་རིས་རྒྱ་ནག་པ་ཚོར་ཐོངས་མཆན་སྤྲོད་རྒྱུ་དམ་དུ་བཏང་བ་ཕྱིར་འཐེན། ཨ་མི་རི་ཀའི་དངོས་ཟོག་ཅི་ཙམ་རྒྱ་ནག་གིས་ནང་འདྲེན་བྱ་དགོས་མིན་གྱི་གྲངས་འབོར་སོགས་གྲོས་གཞིའི་ཁོངས་སུ་འདུ་ཆོག་བཤད།

བདུན་ཕྲག་འདིར་རྒྱ་ནག་གི་གྲོས་མོལ་འགོ་བ་དང་སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སི་ཊིབ་ཌ་ཡན་སི་དང་ཌེ་ཝྭི་ཌི་པར་དྷུ་གཉིས་ལ་ཐུག་འཕྲད་ཀྱིས་ང་ཚོ་ཚོང་དམག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཚོང་དམག་ནི་རྒྱ་ནག་གི་ཁེ་ཕན་དང་ཨ་རིའི་ཁེ་ཕན། འཛམ་གླིང་སྤྱིའི་ཁེ་ཕན་བཅས་ལ་དགེ་མཚན་ཡོད་པ་ཞིག་མིན་ཞེས་བཤད། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་དེ་དག་གིས་རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་འཛིན་དགོས་པའི་ལངས་ཕྱོགས་བཟུང་སྟེ་རྒྱ་ནག་ལ་ཐད་ཀར་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ཕལ་ཆེ་བས་རྒྱ་ནག་ལ་ཚོང་ལས་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་ཞིག་འཛིན་དགོས་ཞེས་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་ཚོང་ལས་ཉམས་ཞིབ་པ་ཚོར་ཨ་རི་དང་རྒྱ་ནག་གི་ཚོང་དམག་འདིར་ལྟ་ཚུལ་ཅི་ཞིག་ཡོད་པ་ཞིབ་འཇུག་བྱས་པ་ལྟར་ན་ནིང་གི་ཚོང་ལས་ཉམས་ཞིབ་མཁས་པ་ཤུའེ་ཀྲི་ཧྥེང་ཞེས་པ་ཞིག་གིས་ང་ཚོ་ཡར་རྒྱས་ཅི་ཙམ་ཕྱིན་རུང་ཕྱི་རྒྱལ་གྱི་འཕྲུལ་རིག་ལག་རྩལ་ལ་བརྟེན་དགོས། རྒྱ་ནག་གི་གཏམ་དཔེ་ལ་ཆུང་མ་ཟས་རིགས་གཡོ་སྐོལ་མཁས་པ་ཅི་ཙམ་ཡིན་རུང་འབྲས་མེད་པར་བཟའ་བཏུང་གཡོ་སྐོལ་བྱེད་མི་ཐུབ་ཟེར་པ་ལྟར་ཡིན། ད་ལྟའི་རྒྱ་ནག་ལ་མཚོན་ན་འབྲས་མེད་པ་གཅིག་པུ་མིན་པར་ཐབ་ཆས་ཀྱང་མི་འདུག རྒྱ་ནག་གི་འཕྲུལ་རིག་ལག་རྩལ་རང་ཁ་རང་གསོ་མ་ཐུབ་བར་དུ་ཕྱི་རྒྱལ་གྱི་འཕྲུལ་རིག་ལག་རྩལ་ལ་བརྟེན་དགོས་ཞེས་བཤད་འདུག

འདས་པའི་ལོ་གཅིག་ལྷག་གི་རིང་དེར་ཨ་རི་དང་རྒྱ་ནག་གི་ཚོང་དམག་ལངས་ནས་བཟུང་། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་དང་དགོས་དངོས་ཀྱི་འཕྲུལ་ཆས་རྣམས་ཕྱིར་ཚོང་མ་བྱས་པ། རྒྱ་ནག་གི་སློབ་ཕྲུག་དང་ཚོང་པ། ཁེ་ལས་པ་རྣམས་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་ཉུང་དུ་བཏང་ཞིང་། ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་འཛུགས་མི་ཆོག་པ་པ་དང་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཆེ་ཁག་རྣམས་རྒྱ་ནག་ནས་ཝྭི་ཏེ་ནམ་དང་རྒྱ་གར། ཧྥི་ལི་ཕིན་དང་ཨིན་རྡུ་ནེ་ཤི་ཡ། ཐེ་ཝན་དང་ལྷོ་ཀོ་རི་ཡ་སོགས་ལ་གནས་སྤོར་བྱ་རྒྱུའི་ཉེན་ཀ་བྱུང་སྟེ་རྒྱ་ནག་གི་འགོ་ཁྲིད་ཚོར་རང་གི་དཔལ་འབྱོར་དང་ཚོང་ལས་རྣམས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཅི་ཙམ་བརྟེན་ཡོད་པ་ངོ་འཕྲོད། དཔེར་ན་ཨ་རིའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ཐོ་གཞུང་ནག་པོར་བཀོད་ནས་ཚོང་ལས་གཉེར་མི་ཆོག་པའི་ཐག་བཅད། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་དགོས་ངེས་ཀྱི་ལྷུ་ལག་རྣམས་བཙོང་རྒྱུ་མིན་པའི་ཐག་གཅོད་བྱས་པས་རྒྱ་ནག་གི་ལག་ཐོགས་ཁ་པར་བཟོ་ཚོང་ཁང་རྩེ་ཕུད་དེ་མ་རྩ་བརྡིབ་གྲབས་སུ་གྱུར། དེར་བརྟེན་རྒྱ་ནག་གི་འགོ་ཁྲིད་ཚོས་རང་གི་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་མ་དངུལ་རོགས་རམ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG