ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་སྤྱང་དམག་ཕྱི་འབྲེལ་མི་སྣ་དང་མི་རིགས་རིང་ལུགས་པ། 


༄༅།། འདས་པའི་ལོ་གཅིག་ལྷག་གི་རིང་དེར་རྒྱ་ནག་གི་སྤྱང་དམག་ཏུ་འབོད་པའི་ཕྱི་འབྲེལ་མི་སྣ་ཚོས་ཏོག་དབྱིབས་ནད་དུག་དང་འགྲོ་བ་མིའི་ཐོབ་ཐང་། ཞིན་ཅང་གི་ཡུ་གུར་བའི་གནད་དོན་དང་བོད་དོན། ཧོང་ཀོང་དང་ཐེ་ཝན། ཨ་རྒྱའི་འབྲེལ་བ་དང་རྒྱ་དཀར་ནག་གི་འགལ་ཟླ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་དབང་གི་འཐབ་རྩོད། རྒྱ་ནག་དང་འཛམ་གླིང་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་བ་སོགས་ཀྱི་གནད་དོན་གང་འདྲ་ཞིག་ཡིན་རུང་སྐད་ཆ་རྩུབ་པོ་དང་མཁྲེགས་པོ་བཤད་ནས་སྡིགས་ར་བསྐུལ། དེ་རིང་ཕྱི་ཟླ་༦་པའི་ཚེས་༢༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་རང་གི་སྤྱང་དམག་ཕྱི་འབྲེལ་མི་སྣ་ཚོར་སྐད་ཆ་འཇམ་དུ་གཏོང་དགོས་པ་དང་རྒྱལ་ཁབ་གཞན་ལ་མཐུན་ལམ་བྱ་རྒྱུ་དེར་འབད་དགོས་པའི་བཀའ་བཏང་ཞིང་། ཟླ་བ་འདིར་རྒྱ་ནག་གི་ཤེས་ཡོན་ཅན་ཁག་ཅིག་དང་ཉི་ཧོང་གི་ཤེས་ཡོན་ཅན་ཁག་ཅིག་ལྷན་དུ་འཛོམས་ནས་བསམ་བློ་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས། རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཤེས་ཡོན་ཅན་དེ་རྣམས་རྒྱལ་ཚོང་བ་རེད་ཅེས་ཝི་པོ་དྲྭ་ཚིགས་སུ་མཆན་བྲིས་ནས་ཞྭ་མོ་ནག་པོ་ཞིག་གཡོགས། སྔ་ལོ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་སོགས་ཀྱིས་མཐའ་གཅིག་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལོག་བཤད་འབའ་ཞིག་ཁྱབ་བསྒྲགས་དང་ལོག་བཤད་དེ་རྣམས་བདེན་པར་སྒྲུབ་ཐབས་སུ་འབད། ཐ་ན་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཀྱང་ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡོད་པའི་ལྐོག་གཡོ་ངན་ཇུས་ཀྱི་དོགས་པ་བསླངས། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་ཁག་དང་གཞུང་ཚབ་པ་སོགས་ལ་མངོན་སུམ་འཛེམ་མེད་ཀྱིས་ཁྱད་གསོད་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཧ་ཅང་གི་ལྟ་སྟངས་ངན་པ་ཞིག་བྱུང་།།

བདུན་ཕྲག་གཉིས་ཡས་མས་ཤིག་གི་གོང་དེར་ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཡིད་ཆེས་འཕེར་བ་དང་དགའ་གུས་འཐོབ་པའི་རྣམ་པ་ཞིག་བསྐྲུན་ཏེ་རྒྱ་ནག་གི་རྣམ་པ་ཡག་ཏུ་གཏོང་དགོས། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཁག་དང་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་གི་སྒྲུང་དེ་ཡག་པོ་ཞིག་བཤད་ཐབས་བྱ་དགོས་ཞེས་བཀའ་ཕབ། ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་གི་སྐད་ཆ་དེས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གྲོགས་མེད་ཁེར་རྐྱང་དུ་ལུས། སྤྱང་དམག་ཏུ་འབོད་པའི་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་སྒྲུང་ཡག་པོ་ཞིག་བཤད་མ་ཐུབ་པར་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན་ཡོད་པ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ངོས་ཟིན་ཡོད་པའི་རྟགས་མཚན་རེད་ཅེས་གླེང་། ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་ཨེ་ཤི་ཡའི་ཞིབ་འཇུག་ཁང་གི་མཁས་པ་ཤཱི་ནེ་ཌར་གྱིས་བཤད་པ་ལྟར་ན། རྒྱ་ནག་གི་ཕྱི་འབྲེལ་སྲིད་ཇུས་དེ་འོས་འཚམས་ཤིག་མིན་པ་དང་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་དེ་ལ་དགའ་བསུ་ཞུ་ཐུབ་ཀྱི་མེད་པ་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོས་ཤེས་རྟོགས་བྱུང་ཡོད་པ་འདྲ། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཞི་བའི་སྒོ་ནས་ཡར་རྒྱས་འགྲོ་རྒྱུ་ཡིན་ཞེས་ཕྱི་ལ་སྐད་ཆ་བཤད་སྟངས་གཅིག་དང་རྒྱལ་ནང་དུ་རྒྱ་ནག་བཙན་དྲག་གི་སྒོ་ནས་ཡར་རྒྱས་འགྲོ་དགོས་ཞེས་སྐད་ཆ་མ་འདྲ་བ་གཉིས་བཤད། འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་སོ་སོ་ཕྱི་ནུr་རྒྱག་ས་མེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་རེད་ཅེས་བསྟན། རྒྱ་ནག་གཞུང་གིས་རང་གི་ཕྱི་འབྲེལ་མི་སྣ་ཁག་དང་ཤེས་ཡོན་ཅན་ཚོས་རྒྱལ་ནང་གི་མི་དམངས་ལ་འདྲོག་འགོ་མ་བསླངས་པར་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་འཇམ་པོ་ཞིག་འཛིན་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་ཀྱང་མི་རིགས་རིང་ལུགས་པ་ཚོས་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༦་པ་འདིར་ཉི་ཧོང་གཞུང་གིས་འགྲོ་གྲོན་བཏང་སྟེ་ཕྱོགས་གཉིས་ཀྱི་ཤེས་ཡོན་ཅན་ཚོས་བསམ་བློ་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས། རྒྱ་ནག་དང་ཉི་ཧོང་གི་ཚོགས་ཞུགས་པ་ཚོས་ཕྱོགས་གཉིས་ཀྱི་བར་དུ་ཡིད་ཆེས་བསྐྲུན་རྒྱུ་དང་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཤུགས་སྣོན་བརྒྱབ། རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཤེས་ཡོན་ཅན་དེ་དག་ལ་རྒྱལ་ཚོང་བ། ཉི་ཧོང་གི་རྒྱུག་ཁྱི། ཉི་ཧོང་གི་དངུལ་སྒོར་བླངས་ནས་ཉི་ཧོང་ལ་བཟང་བསྟོད་ཀྱི་རྩོམ་བྲིས་པ་རེད་ཅེས་ཝི་པོ་དྲྭ་ཚིགས་སུ་མཆན་བྲིས་ནས་སྐྱོན་བཙུགས། རྒྱ་ནག་དང་ཉི་ཧོང་གི་ཤེས་ཡོན་ཅན་ཚོའི་བསམ་བློ་བརྗེ་རེས་ཀྱི་བགྲོ་གླེང་དེར་དྲྭ་ལམ་དུ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་སུ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཁྱེར་ནས་ཐེ་ཝན་ལ་བསྐྱོད། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་ལ་སྨན་ཁབ་སྐྱེལ་འདྲེན་བྱས་པར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ངོ་རྒོལ་དང་ཁ་རྡུང་དྲག་པོ་ཞིག་མ་བཏང་བས་མི་རིགས་རིང་ལུགས་པ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་མཆན་བྲིས། དཔེར་ན་ཁོང་ཁྲོས་རབ་ཏུ་བརྟས་པའི་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཞིག་གིས་ང་ཚོས་ཅིའི་ཕྱིར་ཨ་རིའི་གནམ་གྲུ་དེ་གཏོར་ནས་ས་ལ་གཡུག་གི་མེད་པ་རེད། ཁོ་ཚོ་ང་ཚོའི་མཁའ་དབྱིངས་ལ་ཁྲིམས་འགལ་གྱིས་འཛུལ་བ་རེད་ཅེས་བྲིས། མི་གཞན་པ་ཞིག་གིས་རྒྱ་ནག་ནི་ནུས་མེད་དང་འཇོན་ཐང་མེད་པ་ཞིག་རེད་ཅེས་སྡུག་སྐད་བརྒྱབ། ཝི་པོ་དྲྭ་ཚིགས་སུ་བཀོད་པའི་མཆན་དེ་དག་ལ་རྒྱ་ནག་གི་མི་རིགས་རིང་ལུགས་པ་མང་དག་ཅིག་གིས་རྒྱབ་སྐྱོར་གྱི་མཆན་བཀོད།།

ཨ་མི་རི་ཀའི་ཨོར་ཐར་རོ་སི་ལྟེ་གནས་ཁང་སྟེ། ཨེ་ཤི་ཡའི་ཚོགས་པའི་འགན་འཛིན་ཝོར་ཝྭིལ་ཤཱེལ་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་སྟོབས་འབྱོར་ངོམ་ནས་བཙན་དྲག་གི་སྐད་ཆ་ཁོ་ན་བཤད་ཀྱི་ཡོད་པ་ནི་དམག་འཁྲུག་སློང་བའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་ཆེ། གལ་སྲིད་དམག་འཁྲུག་ཅིག་བསླངས་ན་རྒྱ་ནག་གི་ཕུགས་བསམ་མངོན་དུ་འགྱུར་རྒྱུ་འགྲུབ་དཀའ། འཛམ་གླིང་གི་ཁྲོམ་རའི་ལམ་ལུགས་ཀྱང་མཇུག་བསྡུ་རྒྱུ་དང་ང་ཚོ་ཆ་རྒྱུས་ཡོད་པའི་སྒྲིག་སྲོལ་དང་ལམ་སྲོལ་མང་དག་ཅིག་མེད་པར་འགྱུར་སྲིད། དེར་བརྟེན་སྤྱང་དམག་ཏུ་འབོད་པའི་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་གཞན་གྱི་ལྟ་ཚུལ་ལ་ཉན་འཇོག་མི་བྱེད་པར་རང་གི་ལྟ་བ་དང་ལངས་ཕྱོགས་རྣམས་ཨུ་ཚུགས་རྒྱག་གི་ཡོད་པ་ཉེན་ཁ་ཅན་ཞིག་རེད། དེང་སྐབས་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་ལ་ཚོང་ལས་བཀག་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་དང་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་མངའ་ཁོངས་ཀྱི་བདག་དབང་བརྩད་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་༧་ལ་འབྲེལ་བ་སྡུག་ཏུ་སོང་། རྒྱ་ནག་ལ་གྲུབ་འབྲས་ཐོན་པ་དང་སྟོབས་འབྱོར་རྒྱས། རྒྱ་ནག་སྟོབས་ལྡན་རྒྱལ་ཁབ་ཅིག་ལ་འགྱུར་བཞིན་པའི་མཚམས་འདིར་རྒྱ་ནག་གིས་རྒྱལ་ཁབ་གཅིག་གི་རྗེས་སུ་གཅིག་བཅས་འབྲེལ་བ་སྡུག་ཏུ་གཏོང་གི་ཡོད་པ་ནི་ཧང་སང་དགོས་པ་ཞིག་རེད་ཅེས་བཤད། སྲིད་འཛིན་ཇཱོ་བྷ་ཌན་གྱི་འགོ་ཁྲིད་འོག་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། དབྱིན་ཇི་དང་ཁེ་ན་ཌ་སོགས་ཀྱིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་ལ་ཉེས་ཆད་བཅད། རྒྱ་ནག་གིས་ཀྱང་ཨ་རི་དང་ཡུ་རོབ་མཉམ་འབྲེལ། དབྱིན་ཇི་དང་ཁེ་ན་ཌ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་རྒྱ་ནག་ལ་ཡོང་མི་ཆོག་ཅེས་ཉེས་ཆད་བཅད་ནས་ལན་པ་བསློགས། ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་མ་རྩ་འཛུགས་འཇོག་གི་ཚོང་ལས་གྲོས་མཐུན་ལ་ཆོག་མཆན་མ་བཀོད་པར་ལག་ལེན་བསྟར་མི་ཐུབ་པར་གྱུར།།

ཨ་རིའི་ཝིལ་སིན་ལྟེ་གནས་ཁང་གི་ཁི་སན་ཇཱར་སྡེ་ཚན་གྱི་འགན་འཛིན་རོ་བྷར་ཊི་ཌེལ་གྱིས་བཤད་པ་ལྟར་ན། རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་ཏུ་གནོན་ཤུགས་ཆེན་པོ་ཞིག་ཐེབས་ཀྱི་ཡོད་ཀྱང་ནང་ཁུལ་དུ་མི་རིགས་རིང་ལུགས་པ་ཚོས་ཞིས་ཅིན་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་སྟོབས་ཤུགས་ཉམས་ཀྱི་མི་འདུག རྒྱ་ནག་གཞུང་དང་མི་དམངས་གཉིས་ཀས་རང་གི་ལོ་རྒྱུས་སུ་བྱུང་བའི་ཇུས་ཉེས་ཁག་དང་རང་གི་ཉམས་མྱོང་ལ་གཞིགས་ནས་གཞན་ལ་ལྟ་བཞིན་ཡོད་ཅིང་། རྒྱ་ནག་གཞུང་དང་མི་དམངས་གཉིས་ཀས་འཛམ་གླིང་ཡོངས་ཀྱི་ལྟ་སྟངས་ལ་བསམ་བློ་གཏོང་གི་མི་འདུག ཇི་སྲིད་རྒྱ་ནག་མི་དམངས་ཀྱིས་རང་གི་འཚོ་བའི་གནས་ཚད་ཡར་རྒྱས་དང་འཕྲུལ་རིག་ལག་རྩལ་དར་འཕེལ། དཔལ་འབྱོར་ཡོང་འབབ་དང་ཤེས་རིག་སློབ་སྦྱོང་རྣམས་ཡག་ཏུ་འགྲོ་ཡི་ཡོད་པའི་ངོས་འཛིན་བྱེད་ན་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱབ་སྐྱོར་བྱ་ངེས་རེད། ང་ཚོས་ཧོང་ཀོང་དང་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གླེང་གི་ཡོད་པ་ནི་རྒྱ་ནག་མགོ་གནོན་ཐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་འདུག་ཅེས་བཤད། ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་རང་གི་སྲིད་དབང་སྲ་བརྟན་ཆེད་དུ་མི་རིགས་རིང་ལུགས་ཀྱི་ལར་ཞེན་བསླངས་ནས་རྒྱལ་སྤྱིའི་ཐོག་ཏུ་གཞུང་དམངས་གཅིག་གྱུར་གྱི་རྣམ་འགྱུར་བསྟན་པ་རེད། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་སྐྱེད་སྲིང་དང་རྒྱབ་སྐྱོར་བྱས་པའི་མི་རིགས་རིང་ལུགས་པ་དང་སྤྱང་དམག་ཏུ་འབོད་པའི་ཕྱི་འབྲེལ་མི་སྣ་ཚོས་ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་རྣམ་པ་ཡག་ཏུ་གཏོང་དགོས་པའི་བསམ་འཆར་ཁག་ལ་འགོག་རྒོལ་བྱེད་ཀྱི་འདུག མི་རིགས་རིང་ལུགས་པ་རྣམས་ནི་རྒྱ་ནག་གི་ཞི་བདེ་བརྟན་ལྷིང་དང་ཡར་རྒྱས། འཛམ་གླིང་སྤྱིའི་ཞི་བདེ་བརྟན་ལྷིང་བཅས་ལ་ཉེན་ཁ་ཞིག་རེད་ཅེས་བསྟན་འདུག

XS
SM
MD
LG