ངོ་འཕྲད་བདེ་བའི་དྲ་འབྲེལ།

ལ་དྭགས་ནི་བོད་ལྟར་འགྱུར་སྲིད་པའི་ཉེན་བརྡ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལ་དྭགས་ཀྱི་གཞོན་ནུ་ཚོགས་པ་གཙོ་བོར་གྱུར་པའི་སྲིད་དོན་ཚོགས་པ་ཁག་དང་མི་མང་ལས་འགུལ་བ་མང་པོ་ཞིག་གིས་མངའ་ཁུལ་དེ་འཇའ་མུ་དང་ཀ་ཤི་མིར་མངའ་སྡེའི་འོག་ནས་ལོགས་སུ་འཐོན་དགོས། ལ་དྭགས་ལ་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་གྱི་གནས་བབ་སྤྲོད་དགོས་ཞེས་ལོ་མང་རིང་འཐབ་རྩོད་བྱས་ཡོད་ཅིང་། ༢༠༡༩་ལོར་རྒྱ་གར་གཞུང་གིས་འཇའ་མུ་ཀ་ཤི་མིར་མངའ་སྡེར་རྒྱ་གར་གྱི་རྩ་ཁྲིམས་སུ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་ཡོད་པ་རྣམས་ཕྱིར་བསྡུར་བྱས་ཏེ་ལ་དྭགས་ས་ཁུལ་དེ་འཇའ་མུ་ཀ་ཤི་མིར་མངའ་སྡེའི ཁོངས་སུ་མ་བཞག་པར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་དུ་བསྒྱུར། ལ་དྭགས་པའི་ཡུན་རིང་གི་འཐབ་རྩོད་དེར་རྒྱལ་ཁ་ཞིག་ཐོབ།

ད་ལྟ་ལ་དྭགས་ཀྱི་ཇུས་འགོད་པ་དང་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་བསོད་ནམས་དབང་ཕྱུག་གིས་ལ་དྭགས་པ་ཚོར་རང་གི་མི་རིགས་ཀྱི་ངོ་བོ་གཅེས་འཛིན་དང་ཁོར་ཡུག་སྲུང་སྐྱོབ། ཕྱི་མི་ཅི་ཙམ་ལ་དྭགས་སུ་གཏན་སྡོད་གཞིས་ཆགས་ལ་ཡོང་ཆོག་མིན་ཚོད་འཛིན་བྱེད་ཆོག་པའི་དབང་ཚད་མེད་ཚེ། རྒྱ་ནག་གིས་བོད་ལ་ཅི་ཞིག་བྱས་པ་དེ་འདྲ་ཞིག་རྒྱ་གར་གྱིས་ཀྱང་ལ་དྭགས་ལ་བྱ་སྲིད་པའི་ཉེན་ཀ་འདུག་ཅེས་རྒྱ་ནག་གཞུང་གིས་བོད་ལ་འཛུགས་སྐྲུན་བྱས་ནས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་བཏང་ཞིང་། རྒྱ་ནག་པ་ས་ཡ་མང་པོ་བོད་ས་ཁག་ལ་གནས་སྤོར་བྱས་ནས་བོད་ཡུལ་དེ་ཉིད་རྒྱ་ཡུལ་ལྟ་བུ་ཞིག་ཏུ་སྒྱུར་ཡོད་པ་དཔེ་མཚོན་བཀོད། རྒྱ་གར་དབུས་གཞུང་གི་ཐད་སྐྱོང་གནས་བབ་འོག་ཏུ་རྒྱ་གར་གྱིས་ཀྱང་ལ་དྭགས་སུ་འཛུགས་སྐྲུན་གྱི་ལས་གཞི་སྣ་མང་ཞིག་གཉེར་རྒྱུ་དང་རྒྱ་གར་གྱི་མངའ་སྡེ་ཁག་ནས་ཕྱི་མི་གཞིས་ཆགས་པ་ཕོན་ཆེན་ཞིག་ལ་དྭགས་སུ་གཏན་སྡོད་གཞིས་ཆགས་ལ་སླེབས་རྒྱུ། མཐར་ལ་དྭགས་པའི་ངོ་བོ་རྩ་བརླག་དང་ལ་དྭགས་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཕོག་སྲིད་པའི་བློ་འཚབ་ཡོད་པ་རྣམས་གླེང་འགོ་ཚུགས་འདུག

ཁོ་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་ནི་ལ་དྭགས་པའི་ཇུས་འགོད་པ་གྲགས་ཅན་ཞིག་ཡིན་པར་མ་ཟད། ཁོང་གིས་དགུན་དུས་རྒྱུག་ཆུ་རྣམས་བསྐྱིལ་ནས་འཁྱག་རོམ་ལ་བསྒྱུར་ཏེ་ཆུ་བསྲི་ཚགས་ཀྱིས་དཔྱིད་ཀ་དང་དབྱར་དུས་གཉིས་སུ་ལ་དྭགས་ཀྱི་ས་གནས་ཁག་ཅིག་ལ་ཆུ་དཀོན་པོའི་དཀའ་ངལ་ཡོད་པ་རྣམས་སེལ་པར་བརྟེན། རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་དང་འཁྲབ་ཁྲིད་པ་གྲགས་ཅན་ཨ་མིར་ཁན་གྱིས་གླེན་པ་གསུམ་ཞེས་གློག་བརྙན་ཞིག་འཁྲབ། གློག་བརྙན་དེའི་ནང་དུ་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གི་ངོ་བོ་ཕུན་ཚོགས་དབང་འདུས་ཞེས་པ་ཞིག་ལ་བསྒྱུར། ཕུན་ཚོགས་དབང་འདུས་དང་གླེན་པ་གསུམ་གྱི་གློག་བརྙན་དེས་རྒྱ་གར་བ་ས་ཡ་མང་པོར་བག་ཆགས་ཟབ་མོ་ཞིག་ཐེབས།

རྒྱ་གར་གྱི་ཊི་ལི་གྷ་རབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ལ་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་གྱི་གནས་བབ་ཐོབ་པར་རྒྱལ་ས་གླེའི་མི་མང་གིས་མང་མོས་ཀྱི་དགའ་བསུ་ཆེན་པོ་ཞུས་མོད། འོན་ཀྱང་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་ལ་དྭགས་ལ་ལོགས་སུ་རང་ཐད་ཀྱི་གནས་བབ་ཅིག་ཐོབ་ཡོད་པ་དེར་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་མིན་ལ་བློ་འཚབ་བྱེད་འགོ་ཚུགས། ཁོང་གིས་བློ་ཕམ་པ་ཞིག་ལ་ང་ཚོར་དབུས་གཞུང་གིས་ཐད་སྐྱོང་ས་ཁུལ་གྱི་གནས་བབ་ཅིག་སྤྲད་ཡོད་པ་ནི་རབ་ཏུ་ཕྱུག་པའི་ལ་དྭགས་ཀྱི་རང་བྱུང་ཐོན་སྐྱེད་རྣམས་གཞན་གྱིས་བཤུ་བཞོག་བྱེད་པའི་གོ་སྐབས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་ཤུབ་སྨོས་བྱེད་ཀྱི་འདུག མི་ཁག་ཅིག་གིས་ལ་དྭགས་ལ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་རྒྱ་ནག་གིས་བོད་ལ་བྱས་པ་དང་གཅིག་མཚུངས་རེད་ཅེས་དཔེ་མཚུན་འགོད་ཀྱི་འདུག ལ་དྭགས་པ་རྣམས་རྒྱ་གར་ལ་དགའ་ཞེན་ཡོད་པ་མ་བརླགས་གོང་དང་ལ་དྭགས་པ་རྣམས་ཟུར་དུ་ཕུད་ནས་ཁ་བྲལ་གྱི་ལས་འགུལ་མ་སྤེལ་སྔོན་ལ་གནད་དོན་འདི་ཐག་གཅོད་བྱེད་ཐུབ་རེ་བ་ཡོད་ཅེས་ལ་དྭགས་པའི་ཆས་གོས་གྱོན། ཁོང་གི་བློ་འཚབ་རྣམས་རྒྱ་གར་གྱི་ཧིན་དྷིའི་སྐད་དུ་བཤད་ནས་བརྙན་འཕྲིན་ཞིག་བཀྲམ་པ་ཡོངས་གྲགས་སུ་ཁྱབ།

ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་སྲིད་བློན་ན་རེན་དྷ་ར་མོ་དྷི་གང་དེར་ལ་དྭགས་པའི་སེམས་གཏམ་ལ་གསན་པར་ཞུ་ཞེས་སྲིད་བློན་མོ་དྷིའི་ཟླ་རེའི་རླུང་འཕྲིན་གསུང་བཤད་ཀྱི་ཁ་བྱང་དེ་བཀོད་ནས་འབོད་སྐུལ་ཞུས་ཡོད་པ་སྟེ། ཁོང་གིས་ལ་དྭགས་པ་རྣམས་ལྡི་ལི་དང་བྷམ་བྷེ་སོགས་ལ་བསྐྱོད་ན་རྒྱ་གར་བ་ཚོས་ལ་དྭགས་པ་ཚོར་རྒྱ་ནག་པ་ཞེས་མིང་འབོད་བྱེད་འདུག ལ་དྭགས་པ་ཚོས་རྒྱ་གར་རྒྱལ་གྱུར་ཅིག་ཅེས་རྟག་ཏུ་ལན་འདེབས་བྱེད་ཀྱི་ཡོད། སྲིད་བློན་མོ་དྷིས་ལ་དྭགས་ལ་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་གྱི་གནས་བབ་སྤྲད་ནས་ཡུན་རིང་གི་དགོས་འདུན་བསྒྲུབས་པར་བཀའ་དྲིན་ཆེ། ད་ལྟ་ཟླ་བ་གསུམ་གྱི་རྗེས་སུའང་ལ་དྭགས་ལ་སྡེ་ཤོག་ས་ཁུལ་གྱི་གནས་བབ་སྤྲོད་རྒྱུའི་ཁྱབ་བསྒྲགས་གནང་མ་སོང་། ལ་དྭགས་པ་ཚོར་རང་གི་ས་ཆ་བརྟན་རྒྱུ་ཡིན་མིན་པ་དང་ཁོར་ཡུག་ལ་གཏོར་བཤིག་འཕོག་སྲིད་པའི་འཇིགས་སྣང་ཡོང་གི་འདུག ང་ཚོའི་སྐྱེ་ཁམས་དེ་གཏོར་བཤིག་ཐེབས་ཆོག་ཆོག་ཅིག་ཡིན་པས་རང་སྣང་གང་དྲན་གྱིས་འཛུགས་སྐྲུན་བྱེད་པའམ། ཡང་ན་མི་འབོར་ལྡབ་བཅུ་ཙམ་འཕར་སྣོན་སོང་ན་ས་ཆ་དེས་གཏན་ནས་ཐེགས་མི་ཐུབ་ཅེས་ནན་བརྗོད་བྱས་འདུག

ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་བསོད་ནམ་དབང་ཕྱུག་གིས་རྒྱ་གར་དབུས་གཞུང་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༦་པར་སྡེ་ཤོག་ས་ཁུལ་འཛུགས་ཆོག་ཅེས་བཀོད་ཡོད་པའི་ཐོབ་ཐང་རྣམས་ལ་དྭགས་ལའང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོས་ལ་དྭགས་ལ་དམིགས་བསལ་གྱི་ཁྲིམས་ཤིག་ལག་ལེན་བསྟར་དགོས་ཟེར་གྱི་མེད། རྒྱ་གར་གྱི་རྩ་ཁྲིམས་སུ་འཁོད་ཟིན་པའི་དོན་ཚན་དེ་ཉིད་ལ་དྭགས་ལ་ལག་ལེན་བསྟར་དགོས་པའི་རེ་བ་ཞུ་བཞིན་ཡོད་ཅེས་བཤད། ཡིན་ནའང་རྒྱ་གར་གྱི་གཞུང་འཛིན་བྷི་ཇཱེ་པི་ཚོགས་པའི་མགྲིན་ཚབ་པ་སུ་ནིལ་སེ་ཐེ་ཞེས་པ་ཞིག་གིས་ལ་དྭགས་པའི་དགོས་འདུན་ཐམས་ཅད་བསྒྲུབས་ཟིན། བསོད་ནམས་དབང་ཕྱུག་གིས་མི་དམངས་ལ་དགོས་ངེས་མིན་པའི་ངན་སྐུལ་མ་བྱས་ན་ལེགས། རྒྱ་གར་དབུས་གཞུང་གིས་ལ་དྭགས་པའི་ངོ་བོ་དང་ས་གནས་དེར་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡོད་པ་གཅེས་འཛིན་བྱ་རྒྱུའི་ལས་དོན་ཁག་སྒྲུབ་བཞིན་ཡོད་ཅེས་ལན་འདེབས་བྱས་འདུག

སྔོན་ཆད་འཇའ་མུ་དང་ཀ་ཤི་མིར་མངའ་སྡེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་ཡོད་དུས་ལ་དྭགས་ལ་རྒྱ་གར་གྱི་ས་གནས་གཞན་གྱི་ཡུལ་མི་རྣམས་ནས་ས་ཆ་ཉོ་ཆོག་གི་མེད་ཅིང་། མདོར་ན་ལ་དྭགས་ཚུད་པའི་འཇའ་མུ་ཀ་ཤི་མིར་མངའ་སྡེ་ཧྲིལ་པོར་ཕྱི་མི་གཏན་སྡོད་གཞིས་ཆགས་པ་ཡོང་རྒྱུ་འགགས། ད་ལྟ་ལ་དྭགས་ལ་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་གྱི་གནས་བབ་ཐོབ་པས་རྒྱ་གར་གྱི་གནས་གཞན་གྱི་ཡུལ་མི་ཚོར་ལ་དྭགས་ཀྱི་ས་གནས་ཁག་ཏུ་ས་ཆ་ཉོ་ཆོག་པ་དང་འཛུགས་སྐྲུན་བྱེད་ཆོག་པའི་ཐོབ་ཐང་ཡོད། དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་རྒྱ་གར་གྱི་རྩ་ཁྲིམས་དགོངས་དོན་ལྟར་ལ་དྭགས་ལ་སྡེ་ཤོག་ས་ཁུལ་གྱི་ཐོབ་ཐང་སྤྲོད་དགོས་ཞེས་རྩོད་པ་བརྒྱབ། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པར་མངའ་སྡེ་ཁག་གི་ནང་ཁུལ་དུ་རང་སྐྱོང་རྫོང་འཛུགས་ཆོག་ཅེས་བཀོད་ཡོད་པས་ཨ་སམ་དང་མེ་གྷ་ལ་ཡ། མི་ཛོ་རམ་དང་ཊི་པུ་ར་བཅས་མངའ་གསུམ་གྱི་ནང་དུ་རང་སྐྱོང་རྫོང་༡༠་བཙུགས། རང་སྐྱོང་རྫོང་དེ་དག་གི་ནང་དུ་འབྲེལ་ཡོད་མངའ་སྡེ་དེའི་ས་གནས་གཞན་གྱི་ཡུལ་མི་རྣམས་ཡོང་ནས་ས་ཆ་ཉོ་བ་དང་འཛུགས་སྐྲུན་བྱེད་ཆོག་གི་མེད་པ་རེད།།

XS
SM
MD
LG