ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྣལ་འབྱོར་མ་ཞིག་སྐུ་བཤེགས་པར་མྱ་ངན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རིག་གནས་གསར་བརྗེའི་སྐབས་སོགས་སུ་རི་ཁྲོད་འགྲིམས་ཏེ་སྒྲུབ་པ་ཉམས་ལེན་ལ་གཞོལ་ཞིང་། མཐར་སྐུ་ཚེ་ཧྲིལ་པོར་གནས་ཆེན་རྒན་གྱའི་བྲག་དཀར་ལ་བྱ་བྲལ་དུ་བཞུགས་པའི་རྣལ་འབྱོར་མ་སངས་རྒྱས་མཚོ་མོ་སྐུ་གཤེགས་པར་བོད་ནང་གི་ཤེས་ཡོན་ཅན་ཚོས་གདུང་ཤུགས་དྲག་པོས་མྱ་ངན་ཞུ་བཞིན་ཡོད་འདུག རྣལ་འབྱོར་མ་སངས་རྒྱས་མཚོ་མོ་སྐུ་འཚོ་བཞུགས་དུས་སུ་དུས་རབས་དེའི་ཟང་ཟིང་གི་ཁྲོད་དུ་མ་ཞུགས་ཀྱང་མཛད་པ་ངོ་མཚར་ཅན་མཐོང་ཐོས་བྱུང་མཁན་མང་པོ་ཡོད་པར་མ་ཟད། དད་པ་ཆེན་པོས་མཇལ་ཁ་ཞུ་བ་དང་འཚོ་བའི་མཐུན་རྐྱེན་སྦྱོར་མཁན་རྒྱུན་ཆད་མེད་པར་བྱུང་མྱོང་བ་རེད།

རྣལ་འབྱོར་མ་སངས་རྒྱས་མཚོ་མོ་སྐུ་བཤེགས་པར་མྱ་ངན་ཞུ་ཞེས་བོད་ཀྱི་དྲ་རྒྱའི་ཁོར་ཡུག་གི་འཕྲིན་སྟེགས་དང་མི་སྒེར་གྱི་རྒྱབ་ལྗོངས། ཝིས་པོའམ་པོད་ཕྲན། ངོ་དེབ་སོགས་སུ་རྣལ་འབྱོར་མ་དེའི་ལོ་རྒྱུས་དང་མཛད་པ། དམ་པ་དེ་མཇལ་མྱོང་མཁན་ཚོས་ཕྱིར་དྲན་སོགས་ཀྱི་རྩོམ་ཡིག་མང་པོ་ཞིག་སྤེལ་འདུག ལྷག་པར་དུ་བོད་ཀྱི་ཤེས་ཡོན་ཅན་ཚོས་རྣལ་འབྱོར་མ་དེའི་མཛད་པ་ངོ་མཚར་ཅན་རྣམས་གླེང་ཏེ་མྱ་ངན་གྱི་ཞུ་ཚིག་བྲིས་འདུག

དགུང་ལོ་༩༠་ལ་ཕེབས་པའི་རྣལ་འབྱོར་མ་སངས་རྒྱས་མཚོ་མོ་ནི་ཕྱི་ཟླ་༣་པའི་ཚེས་༢༡་ཉིན་རྒན་གྱའི་བྲག་དཀར་དུ་སྒྲུབ་པ་ཉམས་ལེན་གནང་སའི་བྲག་ཕུག་ཏུ་སྐུ་བཤེགས་། ཁོང་ནི་སྤྱི་ལོ་༡༩༣༡་ལོར་མདོ་སྨད་བིས་མདོར་འཁྲུངས། ལོ་ན་༡༦་ཙམ་ནས་རི་ཁྲོད་དང་དབེན་གནས་རྣམས་འགྲིམ་མགོ་བརྩམས། ཕྱིས་སུ་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་དུས་རབས་ཉི་ཤུ་པའི་མགོ་སྟོད་ཀྱི་བླ་བྲང་བཀྲ་ཤིས་འཁྲིལ་གྱི་དགེ་བའི་བཤེས་གཉེས་ཆེན་མོ་ལྷ་མོ་ཚུལ་ཁྲིམས་ཚང་གི་དྲུང་དུ་དགེ་ཚུལ་བསྒྲུབས་ཏེ་མཚན་ལ་སངས་རྒྱས་མཚོ་མོ་ཞེས་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཇོ་དགོན་དུ་ལོ་ཤས་རིང་བཞུགས་པའི་རྗེས་བོད་ཀྱི་ལོ་རྒྱུས་སུ་བུད་མེད་སྤྲུལ་སྐུ་གྲགས་ཅན་གུང་རི་མཁའ་འགྲོ་མ་སྐུ་ཕྲེང་གསུམ་པ་ནས་སྒྲུབ་པ་མཉམ་ལེན་མཛད་ཡུལ་རྒན་གྱའི་བྲག་དཀར་ཞེས་པའི་གནས་ཆེན་དུ་ཕེབས་ནས་དེ་གའི་བྲག་ཕུག་ཅིག་ཏུ་འཁོར་བ་སྤངས་ཏེ་བྱ་བྲལ་གྱི་མཛད་པ་དངོས་སུ་བསྐྱངས་ཏེ་སྐུ་ཚེ་ཧྲིལ་པོར་བཞུགས་པའི་ལོ་རྒྱུས་རྣམས་དྲྭ་ལམ་དུ་བཀོད་འདུག

ཕ་ཡུལ་རྒན་རྒྱ་ནས་ཡིན་པའི་ཕུན་ཚོགས་ལགས་ཀྱིས་འདི་ཀ་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན།

རྣལ་འབྱོར་མ་སངས་རྒྱས་མཚོ་མོར་རྒན་གྱའི་མི་མང་གི་གྲས་སུ་དད་པ་ཆེན་པོས་ཟས་ཀྱི་མཆོད་པ་ཕུལ་མཁན་དང་། ཁྱིམ་ཚང་གི་གེགས་དང་བར་ཆད་སེལ་བར་ཐུགས་སྨོན་སྐྱབས་མཇུག་ཞུ་བར་བཅར་མཁན་མང་པོ་བྱུང་འདུག ས་གནས་མི་མང་ཙམ་མ་ཡིན་པར་ཐག་ཉེ་རིང་གི་མཇལ་སྐོར་བ་ཚོ་རྒན་གྱའི་བྲག་དཀར་གྱི་གནས་ཆེན་ལ་མཇལ་སྐོར་དུ་ཕེབས་ཚེ། རྣལ་འབྱོར་མ་སངས་རྒྱས་མཚོ་མོར་མཇལ་རྒྱུ་གལ་ཆེ་ཤོས་སུ་བརྩིས། དེ་བཞིན་འདས་པའི་ལོ་ཤས་རིང་ལ་དམ་པ་དེའི་མཛད་པ་ངོ་མཚར་ཅན་རྣམས་མི་རིགས་གཞན་གྱིས་ཤེས་རྟོགས་བྱུང་སྟེ་ཐག་ཉེ་རིང་གི་གྲོང་ཁྱེར་ཁག་ནས་ཆེད་དུ་མཇལ་ཁར་བཅར་མཁན་ཡང་མི་ཉུང་བ་ཞིག་བྱུང་བ་རེད་ཅེས་གནས་མི་དེའི་ཡུལ་མི་ཞིག་གིས་བཤད་སོང་།

དྲ་ལམ་དུ་བོད་པ་ཚོས་རྗེས་དྲན་ཞུ་ཚིག་མང་པོ་བྲིས་ཡོད་པའི་ཁོངས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཨ་རྡོར་གྱིས་རྒན་གྱའི་བྲག་དཀར་རི་ཁྲོད་དུ་ཚེ་གཅིག་བྱ་བྲལ་ལ་གནས་པའི་མཁའ་འགྲོ་སངས་རྒྱས་མཚོ་མོར་དངོས་སུ་མཇལ་སྐལ་མ་ཤར་མོད། མཐའ་འཁོར་ཡུལ་མིའི་གཏམ་ལས་ཁོ་མོའི་དཀའ་ཐུབ་སྤྱོད་པའི་སྙིང་རུས་ཐོས་མྱོང་ཡོད་པས་ཞོགས་པར་སྐད་འཕྲིན་ལས་ཁོ་མོ་དགོངས་པ་རྫོགས་པ་ཐོས་པས་ཁེ་སྙན་ཆུང་ཡང་ཉམས་རྟོགས་ཀྱི་ཀློང་ནས་མི་ཚེ་བསྐྱལ་པའི་རྣལ་འབྱོར་མ་འདི་འདྲ་དུས་ཀྱི་མཐའ་ལའང་ཡོད་པའི་མངོན་སུམ་ལ་དག་སྣང་བྱུང་ཞེས་བཀོད།

ཡང་དགེ་རྒན་རྒུ་རུ་བ་རྡོ་ཟེར་བ་ཞིག་གིས།་ཉིས་སྟོང་བརྒྱད་ལོར་ང་ཚོ་རྨ་ཆུ་བོད་རིགས་སློབ་འབྲིང་གི་དགེ་རྒན་སྐོར་ཞིག་བསང་ཆུ་རྫོང་གི་སློབ་གྲྭ་ཆུང་འབྲིང་ཁག་ལ་ལྟ་སྐོར་དུ་སོང་། ལམ་བར་དུ་རྒན་གྱའི་བྲག་དཀར་ལ་གནས་མཇལ་དུ་སོང་། དེ་ནས་སྣེ་ཁྲིད་པ་དགེ་རྒན་ཞིག་དང་རྫི་བོ་ཞིག་གིས་རྣལ་འབྱོར་མ་དེའི་མཛད་པ་ཉུང་ངུ་ཞིག་དང་ལོ་མང་པོའི་རིང་སྐུ་མཚམས་ལ་བཞུགས་སའི་གནས་དག་བསྟན་བྱུང་། ང་ནི་སྤྱིར་ན་མཐོང་ཚད་ལ་དད་པ་ལྷུག་ལྷུག་ཏུ་སྐྱེས་མཁན་ཞིག་ལར་ནས་མིན་མོད། ཉིན་དེར་སེམས་ལ་དང་བའི་དད་ལ་རྨ་མེད་པ་ཞིག་སྐྱེས་ནས་ང་ཅིས་ཀྱང་ཁོང་ལ་མཇལ་དུ་འགྲོ་རྒྱུ་ཞེས་ཏེ་ལམ་ལ་ཆས་པ་ན་དགེ་གྲོགས་འགའ་ཡང་ང་དང་མཉམ་དུ་ཆས། དེར་རྒན་གྱའི་བྲག་ཕུག་གི་མདུན་ངོས་ནས་ཁེར་ལམ་ཞིག་དེད་དེ་གྱེན་དུ་ལམ་ཐག་ངེས་ཅན་ཞིག་དེད་པ་ན། དངོས་སུ་རྣལ་འབྱོར་མ་ཁོང་དང་མཇལ་ཐུབ་པ་བྱུང་། ཁོང་གིས་ཕྱུ་པ་དམར་སྨུག་ཅིག་མནབས་འདུག་ལ། དབུ་སྐྲ་ཕྲག་སྟེང་ཙམ་དུ་བསླེབས་འདུག གོམ་པ་ལྔ་བཅུ་ལྷག་གི་ས་ནས་ཁོང་མཇལ་དུས་ངས་རྗེ་བཙུན་མི་ལ་དྲན་བྱུང་ལ་མ་ཅིག་ལབ་སྒྲོན་ཡང་དྲན་བྱུང་། དེར་ང་གང་མགྱོགས་ཀྱིས་མདུན་དུ་བརྒྱུགས་ཤིང་སྐུ་གམ་དུ་བཅར་ཏེ་ཕྱག་གསུམ་འཚལ་ཞེས་སོགས་བྲིས་འདུག

ཡང་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཉེ་འཁོར་དུ་རྟེན་གཞི་བྱེད་ཡོད་པའི་འབྲི་གུང་ཆོས་ཀྱི་ཉི་མའི་ཆོས་ཚོགས་ཀྱི་མཁན་པོ་བསམ་གྲུབ་ལགས་ཀྱིས་རྣལ་འབྱོར་མ་ཞེས་པའི་མཚན་གནས་འདི་ཇི་ལྟར་སྦྱོར་བཞིན་པའི་ཐད་ལ་ངོ་སྤྲོད་གནང་དོན་ལྟར་ན། རྣལ་འབྱོར་མ་ནི་འཇིག་རྟེན་པའི་ཉོན་མོངས་དང་རྣམ་རྟོག་ཀུན་ནས་སེལ་ཏེ་ཆགས་འཛིན་མེད་པར་སེམས་ལ་རང་དབང་ཐོབ་པའི་ཉམས་ལེན་དང་མཛད་པ་སྐྱོང་མཁན་གྱི་རིགས་རེད་ཅེས་གསུངས་སོང་། དེ་བཞིན་བོད་ཀྱི་དྲ་དམངས་གྲས་སུའང་དུས་རབས་༢༠་དང་༢༡་ནང་གི་ངེས་པ་དོན་གྱི་བོད་ཀྱི་རྣལ་འབྱོར་མ་ཞིག་ཡིན་པར་སྒྲུབ་མཁན་འདུག

སྤྱི་ལོ་༡༩༥༨་ལོའི་སྔ་རྗེས་སུ་རྒྱ་ནག་དམར་ཤོག་དམག་གིས་བོད་ཡུལ་ཀུན་ཏུ་དྲག་གནོན་བྱུང་སྐབས་རྣལ་འབྱོར་མ་སངས་རྒྱས་མཚོ་མོ་རི་ཁྲོད་འགྲིམས་ཏེ་དབེན་པར་བཞུགས། ལྷག་པར་དུ་རིག་གནས་གསར་བརྗེ་སྐབས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་སྐུ་གསུང་ཐུགས་རྟེན་དང་དགོན་པ་གྲྭ་ཚང་སོགས་ལ་གཏོར་བཤིག་ཚབས་ཆེན་བཏང་སྟེ་གྲྭ་བཙུན་དང་བླ་མ་སོགས་ལ་རྨོངས་དད་ཅན་ཞེས་འཐབ་རྩོད་བྱས་ཏེ་མིའི་ལུས་སེམས་ཀྱིས་བཟོད་པར་དཀའ་བའི་དུས་སུ་གབ་སྤས་ཀྱིས་རི་ཁྲོད་དང་དབེན་པ་ཁོ་ནར་བཞུགས། ཐེག་པ་ཆེན་པོའི་ཉམས་ལེན་དང་བློ་སྦྱོང་ཐམས་ཅད་ཀྱི་སྙིང་པོ་གྱུར་བའི་བྱང་སེམས་དཔའི་སྤྱོད་པར་འཇུག་པ་སྟེ། སྤྱོད་འཇུག་ཆེན་མོ་སོགས་ལ་བསླབས་པ་དང་ཉམས་ལེན་གནང་རྒྱུ་ཕྱི་ནང་གི་རྒྱུ་རྐྱེན་གང་གིས་ཀྱང་བར་ཆད་མ་ཐེབས་པར་རྩེ་གཅིག་ཏུ་བྱ་བྲལ་གྱི་སྤྱོད་པ་ངོ་མཚར་ཅན་ཞིག་བསྐྱངས་འདུག ལོ་ངོ་༧༠་ཙམ་ལ་སྒྲུབ་པ་མཉམ་ལེན་གནང་སའི་རྒན་གྱའི་བྲག་དཀར་ཀྱི་གནས་ཆེན་དེ་ནི་བོད་ཀྱི་དམངས་ཁྲོད་དུ་མཁའ་འགྲོ་སྟོང་གི་སྒྲུབ་གནས་ཞེས་གྲགས། གནས་འདི་བོད་ཀྱི་ལོ་རྒྱུས་ཐོག་གི་བུད་མེད་ཀྱི་སྤྲུལ་སྐུ་གུང་རི་མཁའ་འགྲོ་མ་སྐུ་ཕྲེང་གསུམ་པ་ནས་སྒྲུབ་པ་ཉམས་ལེན་གནང་སའི་གནས་ཆེན་ཞིག་ཀྱང་ཡིན་ཞིང་། དེ་ནས་གནས་འདིར་ཉམས་ལེན་དང་སྒོམ་སྒྲུབ། བྱ་བྲལ་བ་ཧ་ཅང་མང་པོ་ཡོད་ཀྱང་རྣལ་འབྱོར་མ་སངས་རྒྱས་མཚོ་མོ་གནས་དེར་ལོ་དུས་རིང་ཤོས་སུ་བཞུགས་འདུག

XS
SM
MD
LG