ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་ལྷོ་ཕྱོགས་ཀྱི་བོད་པ་ཚོས་སྲིད་སྤྱི་འོས་བསྡུར་གྲ་སྒྲིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་༢༠༢༡་གི་སྲིད་སྐྱོང་དང་སྤྱི་འཐུས་འོས་འདེམས་ཀྱི་སྔོན་འགྲོའི་འོས་བསྡུར་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། འདི་ལོ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་འགྲོ་འོང་བཀག་བསྡོམས་བྱུང་ཡང་མང་ཚོགས་ཀྱིས་འོས་བསྡུར་དོ་སྣང་དང་ལྟ་བ་འཛིན་ཕྱོགས་ལ་སྔོན་དང་མི་འདྲ་བའི་འགྱུར་བ་ཆེན་པོ་ཞིག་ཐེབས་འདུག སྔོན་ཆད་མི་མང་གིས་འོས་མི་སུ་ལ་འོས་ཤོག་འཕེན་དགོས་མིན་གྲོས་སྡུར་བྱས་ནས་ཁྱིམ་ཚང་གཅིག་གི་བཟའ་མི་ཚོས་མི་གཅིག་ལ་འོས་ཤོག་འཕེན་སྲོལ་ཡོད་ཀྱང་ལོ་འདིར་བོད་པ་བཙན་བྱོལ་བའི་བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་ཏེ་ཁྱིམ་ཚང་གཅིག་གི་བཟའ་མི་ཚོས་རང་རང་གི་འོས་ཤོག་དེ་རང་ཉིད་འདོད་པ་ཡོད་སའི་མི་འོས་དེར་འཕེན་རྒྱུའི་གླེང་སློང་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག དཔེར་ན་སྦེ་ལ་ཀུ་པི་བདེ་སྐྱིད་སླར་གསོའི་གཞིས་ཆགས་ཁོངས་ཀྱི་བསྟན་རྒྱས་གླིང་གཞིས་གྲོང་གི་ཨ་ཅག་བསོད་ནམས་ཆོས་སྐྱིད་ཚང་ལ་བཟའ་མི་༥་ཡོད་པ་ཚང་མས་རང་རང་གི་འོས་ཤོག་རང་ཉིད་འདོད་པ་ཡོད་པའི་འོས་མི་དེར་འཕེན་རྒྱུའི་ཐག་གཅོད་བྱས་ཡོད་ཅེས་བཤད་འདུག

ད་ལོ་མི་མང་རྒན་གཞོན་བར་གསུམ་གྱིས་སྤྱི་འཐུས་ལས་ཀྱང་སྲིད་སྐྱོང་གི་འོས་མིར་དོ་སྣང་ཆེ་བ་བྱེད་བཞིན་འདུག ད་ཐེངས་སྔོན་དང་མི་འདྲའི་གནས་ཚུལ་གསར་པ་ཞིག་ནི་བོད་པ་མང་ཆེ་བས་སྔར་ལྟར་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་འདྲི་རྩད་དང་ཐེ་ཇུས་བྱ་རྒྱུ་ནི་ཕན་ཚུན་མི་མཐུན་པའི་འགལ་ཟླ་སློང་གཞི་ཞིག་ཏུ་མཐོང་སྟེ་ཧ་ཅང་གི་འཛེམ་ཟོན་བྱེད་ཀྱི་འདུག ད་ལོ་སྤྱི་འཐུས་འོས་མིར་ལངས་པ་ཡིན་ཞེས་གསལ་བསྒྲགས་བྱེད་མཁན་མང་པོ་ཞིག་ཡོད་པར་མ་ཟད། འོས་མིར་ལང་མཁན་ཚོས་རང་གི་ལོ་རྒྱུས་རྣམས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འགྲེམ་སྤེལ་བྱས་ནས་མི་མང་གི་འོས་ཤོག་འཐོབ་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་འདུག རྣམ་རྒྱལ་ཆོས་འཕེལ་ནི་རྒྱུན་དུ་བཙན་བྱོལ་བོད་མིའི་ཆབ་སྲིད་ལ་ཐུགས་སྣང་དང་ཉམས་ཞིབ་གནང་མཁན་ཞིག་ཡིན། ཁོ་པ་སྦེལ་ཀོབ་གཞིས་ཆགས་ཀྱི་སྤྱི་ཚོགས་འགུལ་སྐྱོད་ཚོགས་པའི་འགན་འཛིན་ཡང་ཡིན་ཞིང་། ཁོང་གིས་ལོ་འདིར་ཏོག་དབྱིབས་ནད་ཡམས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུ་དང་མང་ཚོགས་ལ་དོ་སྣང་བྱེད་ཕྱོགས་བཅས་སུ་སྔོན་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་ཡོད་པ་དང་དེ་ལ་དགེ་སྐྱོན་གཉིས་ཀ་འདུག་ཅེས་འགྲེལ་བརྗོད་བྱས་འདུག

རྒྱ་གར་ལྷོ་ཕྱོགས་སུ་བོད་པ་བཙན་བྱོལ་བ་འདུས་སྡོད་ཀྱི་གཞིས་ཆགས་ཆེ་ཁག་ལྔ་ཡོད། དེ་ནི་བཙན་བྱོལ་བོད་མིའི་འོས་ཤོག་འཕེན་མཁན་མང་ཤོས་ཀྱི་ས་ཁུལ་ཁག་ཡིན་པ་སྟེ། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གདན་ས་ཆེན་པོ་འབྲས་སྤུངས་དང་དགའ་ལྡན་གཉིས་གཙོར་བོར་གྱུར་བའི་རིས་མེད་དགོན་སྡེ་ཁག་བརྒྱད་དང་གཞིས་གྲོང་དགུ་བཅས་རྒྱ་ཆེན་པོ་འདུག འདི་ལོ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ལ་གཞིགས་ནས་ས་གནས་འོས་བསྡུ་ལས་ཁང་གིས་འོས་བསྡུའི་ས་ཚིགས་རྣམས་གྲྭ་སྒྲིག་ཆ་ཚང་ཟིན་ཡོད་ཅེས་མོན་གྷོ་འདོད་རྒུ་གླིང་ས་གནས་འོས་བསྡུའི་འགན་འཛིན་དང་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་གིས་འགྲེལ་བརྗོད་བྱས་འདུག དེ་བཞིན་སྦེལ་ཀོབ་དང་ཀོ་ལི་གྷལ། ཧུན་སུར་གཞིས་ཆགས་བཅས་སུའང་འོས་བསྡུའི་གྲ་སྒྲིག་ཕལ་ཆེ་བ་ལེགས་གྲུབ་བྱུང་སྟེ་དབུས་འོས་བསྡུ་ལས་ཁུངས་ཀྱི་ལམ་སྟོན་ལྟར་འོས་བསྡུའི་ཐོ་འགོད་བྱས་མེད་པ་ཚོས་མུ་མཐུད་དུ་དེབ་སྐྱེལ་བྱེད་ཀྱི་ཡོད་པ་རེད།། འདི་ལོ་ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་སྲིད་སྐྱོང་འོས་མི་རེ་གཉིས་མ་གཏོགས་སྤྱི་འཐུས་དང་སྲིད་སྐྱོང་གི་འོས་མིར་ལང་མཁན་མང་ཆེ་བ་གཞིས་ཆགས་སོ་སོར་བསྐྱོད་ནས་མང་ཚོགས་བསྡུ་སྐོང་བྱས་ནས་དྲིལ་བསྒྲགས་ལས་འགུལ་སྤེལ་རྒྱུའི་སྐོར་སྐྱོད་བྱ་རྒྱུ་སོགས་ལ་འཛེམ་ཟོན་བྱེད་ཀྱི་ཡོད་ཀྱང་ས་གནས་ཁག་གི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་ལང་མཁན་ཚོའི་རྒྱབ་སྐྱོར་བ་ཚོས་དྲིལ་བསྒྲགས་ཀྱི་ཕྲེད་དར་དང་གྱང་སྦྱར་གྱི་པར་རིས་སོགས་གང་ས་གང་དུ་མཐོང་རྒྱུ་ཡོད་པ་ལྟར་སྤྱི་ཚོགས་དྲྭ་ལམ་ཁག་ཏུའང་བགྲོ་གླེང་དང་གཏམ་བཤད། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG