ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་གཞུང་གིས་མ་སུ་རི་བོད་ཁྱིམ་དང་སེ་ལ་ཀུའི་སློབ་གྲྭར་བསྔགས་བརྗོད།


༄༅།། རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏ་ར་ཁན་མངའ་སྡེའི་ཌེ་ར་དྷུན་གྲོང་ཁྱེར་གྱི་རི་རྩེར་ཆགས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭ་དང་སེ་ལ་ཀུའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་གཉིས་ལ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་དུས་སུ་ལོ་གསུམ་བསྟུན་མར་གྲུབ་འབྲས་ལེགས་སོན་གྱིས་བརྒྱ་ཆ་༩༠་བརྒལ་ཏེ་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་བོད་པ་བཙན་བྱོལ་བའི་སློབ་གྲྭ་གཉིས་ལ་བསྔགས་བརྗོད་ཀྱི་ལག་འཁྱེར་སྤྲད་འདུག

ཕྱི་ལོ་༢༠༡༨་དང་༢༠༡༩་ལོ། ༢༠༢༠་བཅས་འདས་པའི་ལོ་གསུམ་གྱི་རིང་དུ་མ་སུ་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོར་སློབ་ཕྲུག་༤༡༦་ཞུགས། དེའི་ཁོངས་ནས་ཡིག་རྒྱུགས་མ་འཕྲོད་པ་སློབ་ཕྲུག་གཅིག་མ་གཏོགས་བྱུང་མེད་ཅིང་། སེ་ལ་ཀུའི་བོད་ཕྲུག་ཁྱིམ་སྡེ་ནས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ལ་སློབ་ཕྲུག་༢༠༥་ཞུགས་ཡོད་པ་ཚང་མས་རྒྱུགས་འཕྲོད། བོད་པའི་སློབ་གྲྭ་དེ་དག་ལ་བསྔགས་བརྗོད་ཀྱི་ལག་འཁྱེར་དེ་དག་ཌེ་ར་དྷུན་གྲོང་ཁྱེར་དུ་གཞིས་ཚུགས་པའི་རྒྱ་གར་དབུས་གཞུང་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཡན་ལག་ལས་ཁུངས་སུ་སྤྲད་འདུག བསྔགས་བརྗོད་ལག་འཁྱེར་ནང་དུ་སློབ་གྲྭ་སོ་སོའི་འཛིན་སྐྱོང་དང་སློབ་སྤྱི། དེ་བཞིན་དགེ་ལས་རྣམ་པས་སློབ་ཕྲུག་ཚོར་སྤུས་ཚད་ལྡན་པའི་ཤེས་ཡོན་སློབ་སྦྱོང་སྤྲད་པའི་རྐྱེན་གྱིས་ཕྱི་ལོ་༢༠༡༨་དང་༢༠༡༩་ལོ། ༢༠༢༠་བཅས་ལོ་གསུམ་བསྟུད་མར་ཡིག་རྒྱུགས་ཀྱི་བརྒྱ་ཆ་ལེགས་སོན་བྱུང་བ་རེད་ཅེས་བསྟན།།

མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེའི་ལས་རོགས་དགེ་འདུན་རིན་ཆེན་གྱིས་སློབ་ཕྲུག་གི་གྲུབ་འབྲས་འདི་རྣམས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་དཀའ་ལས་བརྒྱབ་པའི་འབྲས་བུ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་བཤད། འདི་དང་དུས་མཚུངས་སུ་སེ་ལ་ཀུའི་སློབ་སྤྱི་འབྲུག་ཚེ་རིང་གིས་ཀྱང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་བསྔགས་བརྗོད་དང་ངོས་འཛིན་བྱས་པར་དགེ་སློབ་ཚང་མ་དགའ་ཚོར་བྱུང་ཡོད། སེ་ལ་ཀུའི་སློབ་གྲྭ་ནི་ཨུ་ཏ་ར་ཁན་མངའ་སྡེ་ཡོངས་ཀྱི་སློབ་གྲྭ་རྩེད་ཕུད་ཨང་དྲུག་པར་འདེམས་ཐོན་བྱུང་ཡོད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཨུ་ཏ་ར་ཁན་མངའ་སྡེའི་ནང་དུ་ཆགས་པའི་མ་སུ་རི་བོད་ཁྱིམ་སློབ་གྲྭར་སློབ་ཕྲུག་༩༠༠་ཙམ་དང་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་དུ་ཡོད་པར་མ་ཟད། སེ་ལ་ཀུའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་སློབ་ཕྲུག་༤༠༠ ཙམ་ཡོད་པ་བཅས་ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG