ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༢༠༢༠ བོད་ཀྱི་སྲིད་ཇུས་དང་རོགས་རམ་གྱི་གྲོས་ཆོད་ཨ་རིའི་ཁྲིམས་ཡིག་ཆགས།


༄༅།། སྲིད་འཛིན་ཊམ་གྱིས་གཟའ་ཉི་མའི་ཉིན་ཨ་རིའི་གཞུང་གི་སྔོན་རྩིས་ཁྲིམས་གཞི་ལ་མཚན་རྟགས་བསྐྱོན་ཏེ་༢༠༢༠ ལོའི་བོད་ཀྱི་སྲིད་ཇུས་དང་རོགས་རམ་གྱི་གྲོས་ཆོད་དེ་ད་ནི་ཨ་རིའི་ཁྲིམས་ཡིག་ཆགས་པ་དང་། བོད་དོན་གྱི་ཁྲིམས་གཞི་འདི་ནི་༢༠༢༡ ལོའི་ཨ་རིའི་སྔོན་རྩིས་ཁྲིམས་དང་མཉམ་སྦྱར་གཏན་ལ་ཕབ་པ་གཅིག་ཡིན་པར་བརྟེན། ཤོག་ལྷེ་ལྔ་སྟོང་ལྷག་ཡོད་པའི་སྔོན་རྩིས་ཁྲིམས་གཞི་དེའི་ནང་ཚུད་པའི་ཨ་རིའི་ནང་ཏོག་དབྱིབས་ནད་དུག་གི་ངལ་སེལ་རོགས་སྐྱོར་ལས་གཞི་ལའང་ཆོག་མཆན་ཐོབ་པ་རེད།།

ཨ་རིའི་གྲོས་ཚོགས་ཀྱིས་བདུན་གཅིག་གི་སྔོན་ལ་སྤྱི་ལོ་ ༢༠༢༠ བོད་ཀྱི་སྲིད་ཇུས་དང་རོགས་རམ་གྱི་གྲོས་ཆོད་གཏན་འབེབས་གནང་ནས་སྲིད་འཛིན་ཌོ་ནལ་ ཀྲམ་གྱི་མཚན་རྟགས་འགོད་རྒྱུར་བཏང་འདུག་པ་དང་། ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་ཟིན་བྲིས་ཀྱི་ཡིག་ཆ་གཅིག་ཨ་རིའི་རླུང་འཕྲིན་ཁང་ལ་ལག་སོན་བྱུང་བའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་གནད་དོན་གཙོས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་འདེམས་སྒྲུག་ལ་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པ་དེར་ངོས་ལེན་མེད་པ་དང་། ལས་དོན་དེ་དག་ལ་རྒྱ་ནག་གཞུང་གི་ཐེ་ཇུས་མེད་པར་སྲོལ་རྒྱུན་བཞིན་ལག་བསྟར་བྱེད་དགོས་པར་ནན་བཤད་གནང་འདུག་པ་མ་ཟད། སྤྱི་ལོ་ ༢༠༡༡ ཟླ་བ་ ༩ ཚེས་ ༢༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་ཡང་སྲིད་ཕེབས་ཕྱོགས་ཐད་ཡོངས་ཁྱབ་གསལ་བསྒྲགས་བསྩལ་པའི་ནང་ཡང་སྲིད་ཕེབས་ཕྱོགས་དང་ངོས་འཛིན་ཞུ་ཕྱོགས་སོགས་བརྒྱུད་རིམ་ཆ་ཚང་བ་གསལ་སྟོན་གནང་ཡོད་པ་དེར་ཨ་རི་གཞུང་གིས་ངོས་འཛིན་བྱེད་དགོས་སྐོར་སོགས་ཞིབ་ཕྲ་གསལ་འདུག

ཤོག་གྲངས་ ༢༢ ཡོད་པའི་དོན་ཚན་བདུན་ལ་དབྱེ་བའི་ ༢༠༢༠ ལོའི་བོད་ཀྱི་སྲིད་ཇུས་དང་རོགས་རམ་གྱི་ཁྲིམས་ཡིག་དེའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་དང་ཡི་རང་ཆེན་པོ་གནང་འདུག་པ་དང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མའི་ལམ་གྱི་ཐབས་ཇུས་བརྒྱུད་བོད་མི་ས་ཡ་དྲུག་ལ་དོན་དམ་པའི་རང་སྲིད་རང་སྐྱོང་ཡོང་ཐབས་དང་། མང་གཙོའི་བརྒྱུད་རིམ་འོག་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མི་མང་གིས་འོས་བསྡུ་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་འཁུར་རྩིས་སྤྲོད་གནང་ནས། ༢༠༡༡ དང་ ༢༠༡༦ སོ་སོར་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་གི་ནང་གནས་པའི་བོད་མི་ཚོས་རང་དབང་དང་དྲང་བདེན་གྱི་འོས་བསྡུའི་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་དང་འཛིན་སྐྱོང་གི་འགན་འཁུར་བ་རྣམས་འོས་བསྡུ་བྱས་ཏེ། འཛམ་གླིང་ཁྱོན་ལ་གནས་པའི་བོད་མི་བཙན་བྱོལ་བ་ཚོས་མང་གཙོའི་ལམ་ལུགས་འོག་སོ་སོའི་དབུ་ཁྲིད་བདམས་རྒྱུའི་མང་གཙོའི་ལམ་ལུགས་ལ་བསྐྱོད་ཐུབ་པ་དེར་བསྔགས་བརྗོད་གནང་བ་མ་ཟད། ཁྲིམས་ཡིག་འདི་གཏན་ལ་ཕབ་པའི་དུས་ཚེས་ནས་བཟུང་བོད་མི་སྒྲིག་འཛུགས་ནི་འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་བོད་མི་ཚོའི་མངོན་འདོད་མཚོན་པའི་སྒྲིག་འཛུགས་དང་སྲིད་སྐྱོང་ནི་དེའི་འགོ་ཁྲིད་ཡིན་པར་ངོས་འཛིན་བྱེད་དགོས་ཞེས་བཀོད་འདུག་པ་དེ་ནི་གལ་ཆེའི་གནད་དོན་གསར་པ་ཞིག་ཡིན་པ་རེད།

༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རོགས་རམ་གྱི་ཁྲིམས་ཡིག་དེའི་ནང་དོན་རྣམས་ ༢༠༠༢ ལོར་བཞག་པའི་བོད་ཀྱི་སྲིད་ཇུས་ཀྱི་ནང་དོན་ལ་ཁ་བསྣོན་དང་རྒྱབ་སྐྱོར་གྱི་རྣམ་པ་གསལ་དུ་བཏང་བ་ཞིག་ཡིན་འདུག་པ་དང་། ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རོགས་རམ་ནང་བོད་ཕྱི་ནང་གཉིས་ལ་དཔལ་འབྱོར་རོགས་དངུལ་གྱི་སྔོན་རྩིས་དང་། སློབ་ཡོན་རོགས་དངུལ་སོགས་ ༢༠༢༥ བར་གཏན་འབེབས་གནང་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་རོགས་དངུལ་ཡང་གཏན་འབེབ་གནང་འདུག

ཁྲིམས་གཞི་དེའི་ནང་གནད་དོན་གསར་པ་གཅིག་ཁ་བསྣོན་གནང་འདུག་པ་དེ་ནི་བོད་ཀྱི་ཁོར་ཡུག་དང་ཆུའི་བདག་དབང་གི་གནད་དོན་སྐོར་ཞིབ་ཏུ་བཀོད་འདུག་པ་དང་། དེ་ཡང་ཕྱི་སྲིད་དྲུང་ཆེས་ཨ་རིའི་འབྲེལ་ཡོད་ལས་ཁུངས་གཞན་གྱི་མཉམ་དུ་བོད་མཐོ་སྒང་གི་འཁྱགས་རོམ་དང་དྲོད་ཚད་འཕར་བ། དུ་ཞག་གི་ཚད་གཞི་སོགས་ཀྱི་སྐོར་ལ་རྒྱ་ནག་དང་རྒྱལ་སྤྱིའི་ཚན་རིག་སྒྲིག་འཛུགས་ཀྱི་མཉམ་དུ་རྟོག་ཞིབ་བྱེད་དགོས་པ་ཡིན་ཞེས་གསལ་འདུག

༢༠༢༠ བོད་ཀྱི་སྲིད་ཇུས་དང་རོགས་རམ་ཁྲིམས་ཡིག་དེའི་ནང་བཙན་བྱོལ་བོད་མིའི་ཆོས་རིག་འཛིན་སྐྱོང་དང་བདེ་དོན་སོགས་ཀྱི་ཆེད་རོགས་དངུལ་ཚད་གཞི་གཏན་འབེབས་གནང་འདུག་པ་དང་། དེ་དག་ཕྱི་ལོ་ ༢༠༢༥ བར་རོགས་དངུལ་གནང་རྒྱུའི་ཚད་བཀག་གནང་བ་ཞིག་ཡིན་འདུག

ཁྲིམས་ཡིག་དེ་གཏན་ལ་ཕབ་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཐེངས་འགའ་ཤས་རྒྱལ་ས་ཝ་ཤིན་ཌོན་དུ་ཕེབས་ཡོད་པ་མ་ཟད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱི་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་གོང་འོག་གཉིས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུར་རྒྱུན་རིང་ནས་ཞུ་བསྐུལ་གྱི་འབད་བརྩོན་གནང་ཡོད་ཅིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་ད་ལམ་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་རྒྱས་པར་གསལ་པའི་ཁྲིམས་ཡིག་དེས་ཨ་རི་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་རྒྱུ་མེད་པ་གཙོས་བོད་དོན་ལ་ཆབ་སྲིད་དང་འགྲོ་བ་མིའི་བདེ་ཐབས་ཀྱི་རོགས་དངུལ་གནང་རྒྱུ་བཅས་ནུས་ཤུགས་ཆེ་རུ་བཏང་བའི་ཁྲིམས་ཡིག་གཅིག་ཡིན་པ་དང་། ཁྲིམས་ཡིག་འདི་འདྲ་ཞིག་འཇོག་ཐུབ་རྒྱུར་ཨ་རིའི་ནང་ཡོད་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཚང་མས་གྲོས་ཚོགས་འཐུས་མི་ཚོར་རྒྱབ་སྐྱོར་གནང་དགོས་པའི་སྙན་ཞུ་སྟོང་ཚོ་མང་པོ་ཕུལ་པའི་གྲུབ་འབྲས་ཤིག་ཡིན་ཞེས་གསུངས་འདུག

XS
SM
MD
LG