ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བལ་ཡུལ་གྱི་བོད་པ་བཙན་བྱོལ་བ་ཚོར་ཨ་རིའི་སྨན་ཁབ་བརྒྱབ།


༄༅།། ཨ་རིའི་གཞུང་གིས་རོགས་རམ་འོག་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་ཨ་མི་རི་ཀའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཐོབ་ཡོད་ཅིང་། ད་ལྟ་ཤར་ཁུམ་བུ་གཞིས་ཆགས་མ་གཏོགས་བལ་ཡུལ་གྱི་བོད་པ་སྐྱབས་བཅོལ་བ་ཕལ་ཆེ་བར་ཨ་རིའི་སྨན་ཁབ་བརྒྱབ་ཚར་འདུག བལ་ཡུལ་གྱི་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོས་འདི་གའི་གསར་འགོད་པར་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་འབད་བརྩོན། ཨ་རིའི་གཞུང་གིས་མཐུན་འགྱུར་རོགས་རམ་དང་བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་ལ་རེ་སྐུལ་ཞུས་དོན་བཞིན་བལ་ཡུལ་གྱི་བོད་པ་བཙན་བྱོལ་བ་ཚོར་ཨ་རིའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་རག་པ་རེད། ད་དུང་ཝ་ལུང་དང་ཤར་ཁུམ་བུ་གཞིས་ཆགས་གཉིས་ལ་འགོག་ཁབ་རྒྱག་ཐུབ་མ་སོང་ཞེས་བཀྲལ།

གསར་འགོད་པས་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོར་བཅར་འདྲི་ཞུས་པ་ལྟར་ན། ཝ་ལུང་གཞིས་ཆགས་སུ་ཡོད་པའི་བོད་པ་བཙན་བྱོལ་བ་ཕལ་ཆེ་བར་བལ་ཡུལ་གཞུང་གིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཚར་འདུག ད་ལྟ་ལུས་ཡོད་པ་ནི་ཤར་ཁུམ་བུ་གཞིས་ཆགས་གཅིག་པུ་རེད། གཞིས་ཆགས་དེའི་བོད་པ་བཙན་བྱོལ་བ་ཚོར་མྱུར་དུ་འགོག་ཁབ་རྒྱག་དགོས་ཀྱི་འདུག་ཅེས་ཨ་རིའི་གཞུང་ཚབ་ཁང་དང་བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་འབྲེལ་ཡོད་ལས་སྣེ་ཚོར་འབྲེལ་བ་བྱས་དང་བྱེད་བཞིན་ཡོད། མི་འགྱངས་པར་སྨན་ཁབ་རྒྱག་ཐུབ་པའི་རེ་བ་ཡོད། ཐོག་མར་བལ་ཡུལ་གྱི་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་ནས་སྤྱི་ཟླ་༧་པའི་ཚེས་༡༩་ཉིན་འགོ་ཚུགས་ཏེ་རིམ་བཞིན་ཇོ་ལ་ཁེལ་དང་རྒྱལ་འཕགས་ས་གནས། མཆོན་རྟེན་དང་འཇོར་པ་ཊྲེ་བཅས་ཀྱི་བོད་པ་བཙན་བྱོལ་བ་ཚོར་འགོག་ཁབ་བརྒྱབ། མི་མང་ཁག་ཅིག་འགོག་ཁབ་བརྒྱབ་པའི་ཉིན་མོར་རང་གི་ས་གནས་སུ་བསྡད་མེད་པ་ཚོར་འགོག་ཁབ་ཐེམ་མ་སོང་། ཉིན་དེར་ས་གནས་སོ་སོར་བསྡད་ཡོད་པའི་བོད་པ་བཙན་བྱོལ་བ་ཚོར་འགོག་ཁབ་བརྒྱབ་ཚར་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།།

བལ་ཡུལ་གཞུང་གི་དམ་དྲག་འོག་བོད་མི་སྐྱབས་བཅོལ་བ་ཚོར་རང་དབང་དང་ཐོབ་ཐང་མེད་པའི་དཀའ་ངལ་ཞིག་ཕྲད་དང་འཕྲད་བཞིན་ཡོད་མོད། འོན་ཀྱང་ཐེངས་འདིར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་སྐབས་སུ་བོད་པ་སྐྱབས་བཅོལ་བ་ཚོར་ལོགས་སུ་དབྱེ་འབྱེད་བྱས་མེད་པར་མ་ཟད། མི་མང་གི་གྲས་སུ་ཨ་རིའི་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་འགོག་ཁབ་རྒྱག་ཐུབ་སོང་། བཀའ་དྲིན་ཆེ། མ་འོངས་བར་ནད་དུག་མི་འགོ་བའི་རེ་བ་ཡོད། གལ་ཏེ་ནད་དུག་འགོས་ཀྱང་ཉེན་ཁ་ཆེན་པོ་ཡོད་ཀྱི་མ་རེད་བསམས་ཡོད། སྔོན་འགོག་སྨན་ཁབ་བརྒྱབ་ཚར་བ་ཡིན། འགོག་ཁབ་མ་བརྒྱབ་སྔོན་ལ་ནད་དུག་འགོ་སྲིད་པའི་སྐྲག་སྣང་ཆེན་པོ་བྱུང་སོང་། ད་ལྟ་འགོག་ཁབ་བརྒྱབ་ཟིན་པས་སེམས་ཁྲལ་དེ་ཙམ་མི་འདུག་ཅེས་བརྗོད་ཀྱི་ཡོད་པ་སོགས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG