ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

རྒྱ་གཞུང་གིས་བོད་པ་ལས་བྱེད་པ་གསུམ་ཕྱིར་འབུད།


༄༅།། རྒྱ་ནག་གཞུང་གིས་བོད་པ་མཐོ་རིམ་ལས་བྱེད་པ་གསུམ་དམར་ཤོག་ཚོགས་པར་བློ་སེམས་མི་དཀར་བ་དང་ཆོས་ལ་དད་པ་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས་ནས་ལས་གནས་ནས་ཕྱིར་འབུད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་བོད་ནང་གི་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་། སྤྱི་བདེ་ལས་ཁུངས་ཀྱི་ཆབ་སྲིད་ཨུ་ཡོན་ཟུར་པ་ལྕགས་ཐར་འབུམ་དང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པ་ཟླ་བ་དོན་གྲུབ། དིང་རི་རྫོང་ཨུད་ཀྱི་རྒྱུན་ལས་ཟུར་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་ཁྲིད་བུ་ཆུང་ཚེ་རིང་བཅས་བོད་པ་འགོ་ཁྲིད་གསུམ་རྒྱ་ནག་དམར་ཤོག་ཚོགས་པར་བློ་སེམས་མི་དཀར་བ་དང་དྲང་པོ་མི་བྱེད་པ། ཆབ་སྲིད་ཀྱི་རྩ་དོན་མེད་པ་དང་ཆབ་སྲིད་ཀྱི་མཐའ་ཚད་ལས་བརྒལ་བ། ཁོ་ཚོས་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་སོགས་ཀྱི་ནག་ཉེས་བཙུགས་ནས་ལས་གནས་ནས་ཕྱིར་འབུད་བཏང་བར་མ་ཟད། ཁོ་ཚོའི་རྒྱུ་དངོས་གཞུང་བཞེས་བཏང་འདུག་ཅེས་བཞུགས་སྒར་རྡ་རམ་ས་ལར་གནས་འཁོད་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པད་མ་རྒྱལ་གྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་འདུག

ཁོང་གིས་བོད་ནང་གི་བོད་པ་དང་བོད་ཀྱི་སྐད་ཡིག རིག་གནས་དང་རང་བྱུང་ཁོར་ཡུག ཆོས་ལུགས་དང་མི་རིགས་བཅས་ལ་ཕན་ནུས་ཐོན་པ་དང་མི་མང་གི་རང་དབང་ཐོབ་ཐང་སྲུང་སྐྱོབས་བྱེད་ཐུབ་མཁན། བོད་པ་འཇོན་ཅན་རྣམས་རེ་རེ་བཞིན་མེད་པར་བཟོས་ཏེ་རྒྱ་ནག་དམར་ཤོག་གཞུང་གི་སྲིད་ཇུས་ཕྱོགས་ཡོངས་ཁྱབ་ཤུགས་ཆེ་རུ་གཏོང་བཞིན་འདུག ད་ལྟའི་ཆར་བོད་པ་ལས་བྱེད་པ་དེ་དག་ལ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་པ་དང་རྒྱུ་དངོས་རྣམས་ཀྱང་གཞུང་བཞེས་བཏང་འདུག་ཅེས་འགྲེལ་བརྗོད་བྱས་འདུག་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG