ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༠༢/༠༢

རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ལོ་ཆུང་ཚོར་འགོག་ཁབ་རྒྱག་འགོ་ཚུགས་པ།


༄༅།། རྒྱ་གར་གྱི་སྲིད་བློན་མོ་དྷིའི་ལམ་སྟོན་ལྟར་དེ་རིང་ཕྱི་ཟླ་༡་ཚེས་༣་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་གི་ལོ་༡༥་ནས་༡༨་བར་དུ་སོན་པའི་ལོ་ཆུང་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་མཐུན་དང་པོའི་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས་ཡོད་ཅིང་། མོན་གྷོ་འདོད་རྒུ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་དུ་གདན་ས་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱི་རང་ལོ་༡༥་ནས་༡༨་བར་དུ་སོན་པའི་དགེ་འདུན་པ་ཞལ་གྲངས་༣༠༠་ཐམ་པར་ཀོ་ཝྭི་ཤིལ་ཌི་སྔོན་འགོག་སྨན་ཁབ་བརྒྱབ། ཟླ་བ་འདིའི་ཕྱི་ཚེས་༨་ནས་ལོ་༡༨་ཡན་ཆད་ལ་སོན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གསུམ་པ་དེ་རྒྱག་རྒྱུའི་འཆར་གཞི་ཡོད་པར་མ་ཟད། ད་ལྟའི་ཆར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཏོག་དབྱིབས་དུག་འགོས་པའི་ནད་པ་གཅིག་ལས་མེད་པའི་གནས་ཚུལ་ཐོན་འདུག

ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུའང་གཟའ་ཟླ་བ་ནས་འགོ་འཛུགས་ཀྱིས་ལོ་ན་༡༥་ནས་༡༨་བར་དུ་སོན་པའི་སློབ་ཕྲུག་དང་དགེ་འདུན་པ་བཅས་མི་༡༣༩་ལ་སྔོན་འགོག་སྨན་ཁབ་དང་པོ་དེ་བརྒྱབ། ད་ལྟའི་ཆར་ཀོ་ལི་གྷལ་གཞིས་ཆགས་སུ་ལོ་༡༨་ཡན་ཆད་ལ་སོན་པ་ཚོར་སྔོན་འགོག་སྨན་ཁབ་གསུམ་པ་དེ་བརྒྱབ་ཟིན་ཡོད་པས་གཞིས་ཆགས་དེར་འདས་པའི་ཟླ་བ་གཅིག་དང་ཕྱེད་ཀ་ཙམ་གྱི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་ཅེས་ས་གནས་འཕྲོད་བསྟེན་སྨན་ཁང་གི་དབུ་འཛིན་མིག་དམར་ཚེ་རིང་གིས་འགྲེལ་བརྗོད་གནང་འདུག དེ་བཞིན་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ལོ་༡༥་ནས་༡༨་བར་དུ་སོན་པའི་སློབ་ཕྲུག་༦༥་ལ་ས་གནས་རྒྱ་གར་གཞུང་གི་སྨན་ཁང་དུ་སྔོན་འགོག་སྨན་ཁབ་དང་པོ་དེ་བརྒྱབ། སྨན་ཁབ་བརྒྱབ་མེད་པའི་འཕྲོ་རྣམས་དང་ལོ་ན་༡༨་ཡན་ཆད་ལ་སོན་པ་ཚོར་སྔོན་འགོག་སྨན་ཁབ་གསུམ་པ་དེ་གང་མགྱོགས་རྒྱག་འཆར་ཡོད། དེང་སྐབས་སྦེལ་ཀོབ་གཞིས་ཆགས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མི་༢་མ་གཏོགས་མེད་ཅེས་སྦེལ་ཀོབ་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་རིག་འཛིན་རྣམ་རྒྱལ་གྱིས་འགྲེལ་བརྗོད་གནང་འདུག

ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ལ་ལོ་ན་༡༥་ནས་༡༨་བར་དུ་སོན་པའི་སློབ་ཕྲུག་དང་དགེ་འདུན་པ་བཅས་མི་༡༥༠་ལྷག་ལ་སང་ཉིན་སྔོན་འགོག་སྨན་ཁབ་དང་པོ་དེ་རྒྱག་འཆར་ཡོད་པ་དང་ལོ་ན་༡༨་ཡན་ཆད་ཀྱི་འཕྲོད་བསྟེན་ལས་བྱེད་པ་སོགས་ཁག་ཅིག་ལ་སྔོན་འགོག་སྨན་ཁབ་གསུམ་པ་དེ་བརྒྱབ་ཟིན་ཞིང་། ས་གནས་དེར་ཟླ་བ་གཉིས་ལྷག་རྗེས་སུ་ཁ་སང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཐོན་སོ་ཞེས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་སྨན་པ་མཁས་མཆོག་གིས་འགྲེལ་བརྗོད་གནང་འདུག ད་ལྟའི་ཆར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་དེ་ཁྱབ་མེད་ཀྱང་མ་འོངས་པར་ཛ་དྲག་ཅན་དུ་གྱུར་ན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལམ་སྟོན་བཞིན་གྲ་སྒྲིག་ཨང་གསར་ཡོད་ཅེས་གསལ་བཀྲོལ་གནང་འདུག་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG