ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷ་མོ་གསོད་མཁན་ལག་དམར་དེར་སྲོག་ཁྲིམས་ཀྱི་ཉེས་ཆད། 


༄༅།། སྔ་ལོའི་ཕྱི་ཟླ་༩་པའི་ཚེས་༡༤་ཉིན་བོད་པའི་དྲྭ་ལམ་རྩོམ་འབྲི་བ་དང་བརྙན་ཐུང་འགྲེམ་སྤེལ་བ་གྲགས་ཅན་རྒྱལ་རོང་བུ་མོ་ལྷ་མོའི་ལུས་སྟེང་ལ་ཁྱོ་ག་ཟུར་པ་ཐང་ལུ་ཡིས་ས་སྣུམ་བྱོ། ལྷ་མོས་དྲྭ་ལམ་དུ་བརྙན་ཐུང་ཐད་གཏོང་བྱེད་བཞིན་པའི་སྐབས་སུ་མེར་སྲེག་བཏང་སྟེ་དུས་ཡུན་བདུན་ཕྲག་གཉིས་ཀྱི་རྗེས་སུ་ལྷ་མོར་སྨན་བཅོས་སོགས་ཀྱིས་མ་ཕན་པར་འདས་གྲོངས་གྱུར། ཁ་སང་ཕྱི་ཟླ་༡༠་པའི་ཚེས་༡༤་ཉིན་རྔ་བ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་མོའི་ཁྱོ་ག་ཟུར་པ་ཐང་ལུ་ལ་མི་བསད་པའི་ནག་ཉེས་ཐོག་ཏུ་སྲོག་ཁྲིམས་བཅད། ལྷ་མོ་གསོད་སྟངས་དེ་ཧ་ཅང་གི་སྐྱི་གཡའ་བའི་གདུག་རྩུབ་ཅན་ཞིག་ཡིན་པས་ལག་དམར་ལ་ཁྲིམས་གཅོད་དྲག་པོ་འབབ་ཀྱི་འདུག་ཅེས་ཁྲིམས་ཁང་གིས་བཅད་ཁྲ་བསྒྲགས་པའི་གནས་ཚུལ་ཐོན། དེ་རིང་གཟའ་པ་སངས་ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༠་ལོར་ལྷ་མོ་དང་ཐང་ལུ་གཉིས་བཟའ་ཚང་ཐོར། དེ་ནས་ཟླ་བ་གསུམ་གྱི་རྗེས་སུ་ཐང་ལུ་ཡིས་གྲི་ཞིག་དང་ས་སྣུམ་འགྱིག་དམ་གང་ཁྱེར་ནས་ལྷ་མོའི་ཕ་ཡུལ་ཏེ། རྒྱལ་རོང་ཆུ་ཆེན་རྫོང་། ཐུགས་ཆེན་ཡུལ་ཚོའི་བར་དོ་གྲོང་ཚོར་གློ་བུར་དུ་ལྷ་མོར་ཐུག་འཕྲད་དུ་བསླེབས། ཁོ་པས་ལྷ་མོའི་སྟེང་དུ་ས་སྣུམ་བྱོ་སྟེ་ལོ་ན་༣༠་ཐམ་པར་སོན་པའི་ཆུང་མ་ཟུར་པ་དང་ཕྲུ་གུ་གཉིས་ཀྱི་ཨ་མ་དེ་གསོན་པོར་མེར་བསྲེགས། ལྷ་མོའི་མཛེས་སྡུག་དང་འཛུམ་བག་ལྡན་པའི་བཞིན་རས། ཁོ་མོའི་རང་བཞིན་དང་ལྷད་མེད་ཀྱི་འཕྲིན་ཐུང་རྣམས་གཏན་དུ་དྲྭ་གྲོགས་རྣམས་དང་དྲྭ་ལམ་གྱི་རྗེས་འབྲང་བ་ཚོའི་བློ་ཡུལ་དུ་འཇགས། ཁོ་མོ་གདུག་རྩུབ་ཆེན་པོས་དམར་གསོད་བྱས་པར་རྒྱ་ནག་རྒྱལ་ཡོངས་སུ་གླེང་སློང་ཆེན་པོ་བྱུང་བ་དང་མི་དམངས་རྣམས་ཁྱིམ་ཚང་གི་བཟའ་འཁོན་གྱི་དྲག་སྤྱོད་ལ་ཧང་སང་། རྒྱ་ནག་གཞུང་གིས་ཕོ་མོ་འདྲ་མཉམ་ཡིན་པ་དང་ཐབས་རྒྱ་ཇུས་སྟོང་གི་སྒོ་ནས་ཁྱིམ་ཚང་གི་བཟའ་འཁོན་དྲག་སྤྱོད་ཀྱི་རིགས་རྣམས་འགོག་ཐབས་བྱེད་ཀྱི་ཡོད་ཅེས་བསྒྲགས།།

ལྷ་མོ་མ་བསད་གོང་དེར་ཁྱོ་ག་ཐང་ལུའི་འཇིགས་སྐུལ་དང་རྡུག་རྡེག་རྣམས་མ་བཟོད་པར་ས་གནས་ཀྱི་འབྲེལ་ཡོད་ལས་སྣེ་ཚོར་ཞུ་གཏུགས་བྱས་ཀྱང་དོན་འབྲས་མ་སོན། ལྷ་མོའི་གཅེན་མོ་སྒྲོལ་མས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལྷ་མོ་དང་ཐང་ལུ་གཉིས་གཉེན་སྒྲིག་བྱས་ནས་ཅང་མ་འགོར་པར་ཁྱོ་གས་ཆུང་མར་རྡུང་རྡེག་གཏོང་རྒྱུ་འགོ་ཚུགས། ཐོག་མར་ལྷ་མོས་སྡུག་སྒོམ་བརྒྱབ་ནས་ཁྱོ་གའི་གདུག་རྩུབ་རྣམས་གཉེན་ཚན་སོགས་སུ་གཅིག་ལ་མ་བཤད། མཐར་ལྷ་མོ་འུ་ཐུག་སྟེ་གཅེན་མོ་སྒྲོལ་མར་ཁྱོ་གས་རྡུང་རྡེག་གཏོང་གི་འདུག ཐང་ལུའི་མཉམ་དུ་མི་ཚེ་འཁྱོལ་ས་མ་རེད་ཅེས་སྡུག་གཏམ་རྣམས་བཤད། སྒྲོལ་མས་ཐང་ལུ་ལ་ཁ་ཏ་བྱས་པ་དང་བཟའ་འཁོན་ཞི་ཐབས། ལྷག་པར་དུ་རང་གི་གཅུང་མོར་རྡུང་རྡེག་འཕོག་གི་ཡོད་པ་འགོག་ཐབས་བྱས་ཀྱང་ཕན་ཐོགས་མ་བྱུང་། ཐེངས་གཅིག་ཐང་ལུ་ཡིས་ཏག་སི་རྩེད་པའི་རྗེས་སུ་ཁོང་ཁྲོ་ལངས་ཏེ་ལྷོ་མོར་རྡུང་རྡེག་བཏང་ནས་སོག་པའི་ལྷུ་ཚིག་ཕྲལ། བདུན་ཕྲག་སྔོན་མར་སྒྲོལ་མས་ཏུག་དབྱིན་དྲྭ་ལམ་དུ་ངའི་བརྩེ་བའི་གཅུང་མོ་སྙིང་རྗེ། ངས་ཁྱོད་ཀྱིས་གདུག་རྩུབ་ཇི་ལྟར་མྱངས་པ་རྣམས་ཕྱིར་སྒྲོགས་བྱས་པ་ཙམ་ལས་ཅི་ཡང་བསྒྲུབས་ཐུབ་མ་སོང་། ཁྱོད་ཀྱིས་ཞེ་ཐོགས་བྱ་ཡུལ་དང་བརྩེ་བ་འཆང་ཡུལ་ཚོར་ངས་ལྟ་རྟོག་བྱེད་ཆོག་པ་དང་སེམས་ཁྲལ་མ་བྱོས། ཁྱོད་བདེ་བ་ཅན་དུ་སྐྱེ་བར་ཤོག་ཅེས་བསྔོ་སྨོན་གྱི་བརྙན་ཐུང་ཞིག་སྤེལ། ཐང་ལུ་ལ་ཁྲིམས་ཐག་གཅོད་པའི་དུས་སུ་སྒྲོལ་མ་ཁྲིམས་ཁང་དུ་བཅར། ལྷ་མོ་ནི་ཁྱོ་གའི་ཡོང་འབབ་དངུལ་སྒོར་ལ་བརྟེན་དགོས་པ་ཞིག་མིན་ཞིང་། ཁོ་མོར་རྡུང་རྡེག་ལན་མང་ཕོག་པའི་རྗེས་སུ་གདུག་རྩུབ་འོག་ནས་ཐར་ཐབས་ལན་མང་བྱས་ཀྱང་མ་ཐར། སྒྲོལ་མས་རང་གི་གཅུང་མོའི་བདེ་སྡུག་ཆེད་དུ་ཉེན་རྟོག་ཁང་ལ་ཞུ་གཏུགས་ཐེངས་གཉིས་བྱས་ཀྱང་གྱོད་གཞི་དེ་ཁྱིམ་ཚང་གི་བཟའ་འཁོན་རེད་ཅེས་ཐེངས་གཉིས་ཀར་བདག་པོ་མ་བརྒྱབ། སྒྲོལ་མས་བདུན་ཕྲག་འདིའི་གཟའ་མིག་དམར་ནས་ཝེན་ཁྲོན་ནམ། ཁྲི་ཚང་ས་གནས་སུ་ཐང་ལུ་ལ་ཁྲིམས་ཐག་གཅོད་རྒྱུ་དེར་སྒུག ཁོ་མོས་ཐོག་མཐའ་བར་གསུམ་དུ་གཅུང་མོ་དམར་གསོད་བྱེད་མཁན་ལག་དམར་དེར་ཁྲིམས་གཅོད་བྱ་དགོས་ཞེས་འཕྲིན་ཐུང་སྤེལ་ནས་ལས་འགུལ་སྤེལ་རྒྱུ་མཚམས་བཞག་མེད་པའི་གནས་ཚུལ་ཐོན་འདུག
ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་དེའི་ཕྱི་ཟླ་༥་པའི་ནང་དུ་ལྷ་མོ་ཁྱོ་གའི་འཁྲིས་སུ་མ་བསྡད་པར་བྲོས་ནས་གཉེན་ཚན་ཞིག་གི་ཁྱིམ་དུ་སྐྱབས་བཅོལ་ལ་སོང་། ཐང་ལུ་ཡིས་ཆུང་མ་རྩད་གཅོད་བྱས་པར་མ་ཟད། ཚོང་ཁང་ཞིག་གི་ནང་དུ་ཆུང་མའི་གཅེན་མོ་སྒྲོལ་མར་ཐུག་སྟེ་གདོང་ལ་ཁུ་ཚུར་གཞུས་ནས་སྒྲོལ་མའི་མ་མགལ་གྱི་ཚིགས་གཏོར། ལྷ་མོ་དང་ཐང་ལུ་གཉིས་བཟའ་ཚང་ཁ་ཐོར་ཀྱང་ཁྱོ་གས་བུ་གཉིས་གསོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་བའི་སྟབས་ཀྱིས་ལྷ་མོ་བསྐྱར་དུ་ཁྱོ་ག་དེར་འགྲིག་དགོས་བྱུང་ཞིང་། དེ་ནས་ཐང་ལུ་ཡིས་མུ་མཐུད་དུ་ཆུང་མར་རྡུང་རྡེག་བཏང་བས་ལྷ་མོས་སླར་ཡང་བཟའ་ཐོར་བྱ་རྒྱུ་ཡིན་ཞེས་ཞུ་གཏུགས་བྱས་འདུག མཐའ་མཇུག་ལྷ་མོ་དམར་གསོད་བྱུང་བ་དང་ཁྱོ་གའི་གདུག་རྩུབ་རྣམས་ཡོངས་གྲགས་སུ་གྱུར་པའི་རྗེས་སུ་རྒྱ་ནག་རྒྱལ་ཡོངས་སུ་ལྷ་མོར་གདུང་སེམས་མཉམ་སྐྱེད་ཀྱི་རྦ་རླབས་ཤིག་འཕྱུར། ལྷ་མོ་འཚོ་གནས་སྐབས་སུ་དྲྭ་ལམ་དུ་མགྱོགས་ཟས་གཡོ་སྐོལ་གྱི་བརྙན་ཐུང་འགྲེམ་སྤེལ་བྱ་རྒྱུར་ཤིན་ཏུ་དགའ། ལྷ་མོ་དང་ཨ་ཕ་གཉིས་རྟག་ཏུ་རི་མགོར་སྨན་རྩྭ་འཐུ་རུ་སོང་སྟེ་དབྱར་དུས་རི་མགོ་སོགས་སུ་རྩྭ་ཁང་ཞིག་གི་ནང་དུ་བསྡད། ཁོ་མོས་ཞོག་ཁོག་གི་ཟས་རིགས་གཡོ་སྐོལ་དང་ཐུག་པ་བསྐོལ། ༢༠༡༨་ལོ་ནས་ལྷ་མོས་ཉིན་ལྟར་རང་གི་ཉིན་རེའི་འཚོ་བ་རྣམས་བརྙན་འཕྲིན་བླངས་ནས་དྲྭ་ལམ་དུ་འགྲེམ་སྤེལ་བྱེད་མཁན་འབྲི་རྩོམ་བ་ཞིག་ཏུ་གྱུར། བརྙན་ཐུང་གཅིག་གི་ནང་དུ་ལྷ་མོས་ང་ལ་ལོ་སུམ་ཅན་ཞིག་གི་གདོང་པ་ཡོད་ཀྱང་ངའི་ལག་པ་ནི་རྒན་མོ་ལོ་ལྔ་བཅུ་ཅན་ཞིག་གི་ལག་པར་འདྲ། ངའི་ལག་པ་སྙིང་རྗེ་མོ་མེད་པར་སྐྱོན་བརྗོད་མི་བྱེད་པ་དང་བཙོག་པ་རེད་མ་དགོངས། ངས་ལག་པ་གཉིས་བཀོལ་སྤྱོད་བྱས་ནས་དངུལ་སྒོར་འདུ་འགོད་བྱེད་ཀྱི་ཡོད་ཅེས་བཀྲལ། ལྷ་མོའི་བརྙན་ཐུང་མཐའ་མ་ནི་རི་མགོ་ནས་ཁྱིམ་དུ་ལོག་ཡོང་གི་ཡོད་པ་ཞིག་ཡིན་ཞིང་། བརྙན་ཐུང་དེའི་ནང་དུ་ལྷ་མོས་བོད་ཆས་གཙང་མ་ཞིག་གྱོན་ནས་རྒྱ་སྐད་དུ་རྒྱལ་རོང་གི་བོད་པ་ཚོ་གཞུང་དྲང་བློ་དཀར་དང་གཤིས་བཟང་ཡིན་པའི་རྫི་གླུ་ཞིག་བླངས།།

རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་དང་དྲྭ་ལམ་མ་ཡིན་པའི་སྤྱིར་བཏང་གི་ཁ་བརྡའི་དུས་སུ་ཟླ་བ་མང་པོར་ལྷ་མོ་དམར་གསོད་བྱུང་བའི་གནས་ཚུལ་རྣམས་གླེང་། འོན་ཀྱང་དྲྭ་ལམ་དུ་འབྲི་རྩོམ་བྱེད་ཀྱི་མེད་པ་དང་བརྙན་འཕྲིན་འགྲེམ་སྤེལ་བྱེད་ཀྱི་མེད་པའི་རྒྱ་བོད་ཀྱི་བུད་མེད་ཁྲི་སྟོང་མང་པོར་ཁྱོ་གས་རྡུང་རྡེག་བཏང་ནས་བཟའ་འཁོན་གྱི་གདུག་རྩུབ་མྱོང་བཞིན་པ་རྣམས་ཕྱི་ལ་ཁྱབ་དཀའ། ལྷ་མོ་དམར་གསོད་བྱུང་བ་དེས་རྒྱ་ནག་གི་སྤྱི་ཚོགས་སུ་ཁྱོ་ག་ཚོས་ཆུང་མར་རྡུང་རྡེག་དང་དམར་གསོད་བྱེད་ཀྱི་ཡོད་པའི་དཀའ་ངལ་ཚབས་ཆེན་ཡོད་པ་མཚོན་ཐུབ་ཅེས་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཁྱབ་བསྒྲགས་ཤུགས་ཆེན་པོ་ཞིག་བྱུང་། དཔེར་ན་༢༠༢༠་ལོའི་ཕྱི་ཟླ་༧་པའི་ནང་དུ་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ཁྱིམ་ཚང་ཞིག་ལ་བཟའ་འཁོན་བྱུང་སྟེ་ཁྱོ་གས་གཙབ་གྲི་ཆེན་པོ་ཞིག་གིས་ཆུང་མའི་རྐང་ལག་བཅད་ནས་འཛིན་བཟུང་བྱས་ཤིང་། ཉི་མ་འགའ་ཞིག་གི་རྗེས་སུ་རྒྱ་ནག་གི་ཧེ་ནན་ས་ཁུལ་གྱི་སྐྱེས་པ་ཞིག་གིས་ཆུང་མར་གཙབ་གྲི་སྣུན་ནས་བསད་པའི་རྐྱེན་གྱིས་ཉེན་རྟོག་པས་བཟུང་། ཟླ་བ་དེར་སི་ཁྲོན་ཞིང་ཆེན་གྱི་སྐྱེས་པ་ཞིག་གིས་ཆུང་མ་གཉིད་ཁུག་ཡོད་པའི་དུས་སུ་གསོད་ཐབས་བྱས་པ་ཡིན་ཞེས་ཉེས་སྐྱོན་ངོས་ལེན་བྱས་པའི་གནས་ཚུལ་ཐོན། རྒྱ་ནག་གཞུང་གིས་ཐོ་འགོད་བྱས་པའི་གཞི་གྲངས་ལྟར་ན། ༢༠༢༠་ལོའི་ཕྱི་ཟླ་༩་པ་དང་༡༠་གཉིས་ལ་སྐྱེས་པ་༧༣་དང་བུད་མེད་༡༤་ཡིས་བཟའ་ཟླ་བསད་པའམ། ཡང་ན་གསོད་ཐབས་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་ལ་སྦྱར། རྒྱ་ནག་གི་སྤྱི་ཚོགས་སུ་བུད་མེད་ཚོས་ཕོ་མོ་འདྲ་མཉམ་མེད་པ་དང་ཆུང་མ་ཚོར་རྟག་ཏུ་རྡུང་རྡེག་འཕོག་གི་ཡོད་པ་ནི་རྒྱུན་ལྡན་ཞིག་རེད། ཉེན་རྟོག་པ་ཚོས་བཟའ་འཁོན་ནི་ཁྱིམ་ཚང་ནང་ཁུལ་གྱི་གྱོད་གཞི་ཞིག་རེད། དེ་ལ་ང་ཚོས་ཅི་ཞིག་བྱེད་དགོས་པ་རེད་ཅེས་དཔུང་གསིག་བརྒྱབ་ནས་ཁྱོ་གའི་དྲག་སྤྱོད་དང་གདུག་རྩུབ་རྣམས་འགོག་གི་མེད་པ་ཡོངས་གྲགས་རེད། ང་ཚོར་དེའི་ཆ་རྒྱུས་ཟབ་མོ་ཡོད། ལྷ་མོ་བསད་པ་ནི་སྤྱི་ཚོགས་ཀྱི་ལམ་ལུགས་དང་ཁྲིམས་འཛིན་ལམ་ལུགས་ཀྱི་སྐྱོན་རེད། སྤྱི་ཚོགས་ལམ་ལུགས་དང་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་ཀྱིས་ལྷ་མོ་སྐྱོབ་མ་ཐུབ་པ་རེད་ཅེས་གླེང་སློང་བྱུང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།




XS
SM
MD
LG