ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་ནང་གི་སྐད་འཕྲིན་ཚོགས་པའི་ནང་དུ་སོ་ཉུལ་བསྐོ་འཛུགས།


༄༅།། བོད་ནང་གི་ཡུལ་ཤུལ་ཁྲི་འདུ་དང་མཚོ་སྔོན་གྱི་མཚོ་ཤར། མཚོ་ལྷོ་བཅས་སུ་བོད་པ་མང་ཚོགས་ཀྱི་སྐད་འཕྲིན་ཚོགས་པ་ཁག་གི་ནང་དུ་རྒྱ་གཞུང་གི་སོ་ཉུལ་བསྐོ་འཛུགས་བྱས་ནས་ཁྲིམས་འགལ་བྱེད་མི་ཆོག་པའི་ཁྱབ་བསྒྲགས་བྱེད་དུ་འཇུག་པ་དང་སྡེ་པ་སོ་སོར་སྐད་འཕྲིན་ཚོགས་པ་བཙུགས་ཡོད་པ་དེ་དག་གི་ནང་དུ་མང་ཚོགས་ཀྱིས་ཉིན་ལྟར་ཁ་བརྡ་ཅི་ཞིག་བྱེད་ཀྱི་ཡོད་པ་དང་པར་རིས་ཅི་ཞིག་སྐུར་གྱི་ཡོད་མེད་བཅས་ལ་རྟོག་ཞིབ་བྱས་ནས་རྒྱ་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་འདུག་ཅེས་བོད་ནང་གི་བོད་པ་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག དེ་ཡང་ཡུལ་ཤུལ་ཁྲི་འདུ་རྫོང་དུ་བོད་པའི་གྲོང་སྡེ་ཁག་དང་སྤུན་ཉེ་མཆེད་གྲོགས་སོགས་ཀྱི་སྐད་འཕྲིན་ཚོགས་པའི་ནང་དུ་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་དང་ཁ་བྲལ་ལ་ངོ་རྒོལ། བོད་ཕྱི་ལོགས་ཀྱི་བརྙན་འཕྲིན་དང་གསར་འགྱུར། པར་རིས་དང་ཁ་བརྡ་སོགས་ལྟ་ཉན་བྱས་ནས་བོད་ནང་ཁུལ་དུ་ཁྱབ་སྤེལ་བྱེད་མི་ཆོག སུ་ཞིག་གནད་དོན་དེ་ཚོར་འབྲེལ་བ་བྱུང་ན་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། སྐད་འཕྲིན་ཚོགས་པའི་ནང་དུ་རྒྱ་གཞུང་གི་སྲིད་ཇུས་ཁྱབ་བསྒྲགས་བྱེད་མཁན་རྣམས་ལས་བྱེད་པ་མིན་པར་མི་མང་དཀྱུས་མ་ཚོ་རེད། ཁོ་ཚོར་རྒྱབ་ལོགས་ན་རྒྱ་གཞུང་གིས་སྐུལ་ལྕག་གཏོང་གི་ཡོད་པ་མ་གཏོགས་མང་ཚོགས་ལ་ཤ་ཚ་ནས་ཁྱབ་བསྒྲགས་བྱེད་་ཀྱི་ཡོད་པ་དེ་འདྲ་གཏན་ནས་མ་རེད། མཚོ་སྔོན་གྱི་མཚོ་ཤར་དང་བ་ཡན། གྲོ་ཚང་རྫོང་སོགས་སུའང་སྡེ་པ་རེ་རེར་སྐད་འཕྲིན་ཚོགས་པ་བཙུགས་ནས་རྒྱ་གཞུང་ལ་དགའ་མཁན་གྱི་བོད་པ་ཚོས་ཉིན་ལྟར་ཚོགས་པའི་ནང་དུ་མི་མང་ལ་ཁ་ཏ་བྱེད་པའམ། དྲྭ་ལམ་གྱི་འདྲ་པར་དང་བརྙན་འཕྲིན་སོགས་ཕབ་ལེན་བྱས་ནས་རྫོང་གི་ཉེན་རྟོག་ཁང་ལ་རྩིས་སྤྲོད་བྱེད་ཀྱི་འདུག ཉེ་སྔོན་ཆུ་རྐེད་གྲོངས་ཚོའི་མི་ཁག་ཅིག་གིས་སྐད་འཕྲིན་ཚོགས་པའི་ནང་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཅུང་ཙམ་མི་དགའ་བའི་ཁ་བརྡ་ཞིག་བྱས་ཏེ་སྡེ་མི་བདུན་འཛིན་བཟུང་གིས་ཉིན་ཤས་རིང་རྡུང་རྡེག་ནན་པོ་བཏང་ནས་གློད་གྲོལ་བཏང་བ་རེད།།

གོ་ཐོས་ལ་རྒྱ་གཞུང་གིས་སྡེ་པ་སོ་སོའི་སྐད་འཕྲིན་ཚོགས་པ་དང་དྲྭ་ལམ་གྱི་གནས་ཚུལ་རྣམས་བསྡུ་རུབ་བྱས་ནས་མཁོ་སྤྲོད་བྱེད་མཁན་སོ་ཉུལ་བསྐོ་འཛུགས་བྱས་ཡོད་ཅིང་། རྒྱ་གཞུང་གིས་མི་དེ་ཚོར་ཟླ་བ་རེར་དངུལ་སྒོར་གླ་ཕོགས་སྤྲོད་ཀྱི་ཡོད་ས་རེད། ཁོ་ཚོས་ཉིན་ལྟར་ལས་ཀ་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་གསང་བ་རྣམས་རྒྱ་གཞུང་ལ་རྩིས་སྤྲོད་ཀྱི་ཡོད་པ་དང་མི་ཁག་ཅིག་ལ་རྒྱ་གཞུང་གི་ལས་བྱེད་པའི་ཐོབ་ཐང་སྤྲོད་ཀྱི་འདུག ད་ལྟ་བ་ཡན་རྫོང་ཁོངས་ཀྱི་སྡེ་ཞིག་གི་སོ་ཉུལ་དེར་ཉེན་རྟོག་ལས་ཁུངས་ལས་ཀ་སྤྲད་འདུག་ཟེར་བ་གོ་ཐོས་བྱུང་སོང་། སོ་ཉུལ་དེ་དག་གི་ལས་ཀ་གཙོ་བོ་ནི་མང་ཚོགས་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གོང་བཀུར་བྱེད་དགོས་པ་དང་དྲ་ལམ་དུ་རྒྱལ་ཁབ་ལ་དོ་ཕོག་འགྲོ་བའི་གནས་ཚུལ་གྱི་རིགས་ལྟ་ཉན་དང་བརྒྱུད་བསྐུར་བྱེད་མི་ཆོག་པའི་ཁྱབ་བསྒྲགས་བྱ་རྒྱུ། ད་དུང་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་བསམ་བློའི་འཁྱེར་སོ་བཅས་ལ་སོ་ཉུལ་བྱ་རྒྱུ་དེ་རེད་ཅེས་བརྗོད་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG