ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཏོག་དབྱིབས་ནད་དུག་གིས་བོད་པ་སུད་ཚོང་བ་ཚོར་དཀའ་ངལ།


༄༅།། ལོ་ལྟར་དགུན་དུས་ཀྱི་སུད་ཚོང་ནི་རྒྱ་གར་དུ་གནས་འཁོད་བོད་པ་བཙན་བྱོལ་བ་མང་པོ་ཞིག་གི་འཚོ་རྟེན་གཙོ་བོ་ཡིན་ཞིང་། བོད་པ་བཙན་བྱོལ་བ་མང་ཤོས་གནས་ཡུལ་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་གི་བོད་པ་མང་ཆེ་བ་དགུན་དུས་ཀྱི་ཚོང་ལས་འདིར་བརྟེན་ཡོད་པ་རེད།།

ལོ་ལྟར་ཕྱི་ཟླ་༧་པ་དང་༨་པ་ནས་བཟུང་སྟེ་དགུན་དུས་ཀྱི་ཚོང་ལས་འགོ་འཛུགས་པའི་དུས་ཚོད་ཡིན་རུང་ལོ་འདིར་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་༢༠༢༠་ལོར་དགུན་ཚོང་གཉེར་མི་ཐུབ་པའི་གནས་སུ་གྱུར་ཏེ་མི་མང་གི་འཚོ་གོས་ལ་དོ་ཕོག་འབྱུང་སྲིད་པ་སྟེ། བོད་པའི་ཚོང་པ་ཚོར་ད་ལོ་མ་གཏོགས་དགུན་དུས་ཀྱི་ཚོང་ལས་གཉེར་མི་ཐུབ་པའི་དཀའ་ངལ་ཞིག་ཕྲད་མྱོང་མི་འདུག ༡༩༨༡་ནས་ངོ་༤༠་ཙམ་ལ་དགུན་ཚོང་གཉེར་མཁན་ཟླ་བ་རྒྱལ་པོ་ལགས་ཀྱིས་བོད་པ་སུད་ཚོང་བ་ཚོར་ཁྲོམ་སའི་དཀའ་ངལ་ཡང་ཡང་འཕྲད་ཀྱི་ཡོད་ཅེས་བཤད། བོད་པ་སུད་ཚོང་བ་ཚེ་རིང་རྡོ་རྗེ་ཅུང་ལགས་ཀྱིས་ཀྱང་ད་ལོ་དགུན་ཚོང་རྒྱག་ཐུབ་རྒྱུ་ཡིན་མིན་ལ་མ་ལྟོས་པར་ལོ་རྗེས་མའི་དོན་དུ་ཁྲོམ་ས་མ་ཤོར་བ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བཤད། བོད་པ་སུད་ཚོང་བ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས་ཀྱིས་ཀྱང་རྒྱ་གར་ལ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་སྟབས་བོད་པ་ཚོང་པ་ཚོས་ལོ་འདིར་ཚོང་རྒྱག་ཐུབ་རྒྱུའི་རེ་བ་མི་འདུག་ཅེས་བཤད།།

༡༩༦༦་ལོར་ལྷོ་ཕྱོགས་གཞིས་ཆགས་ཁག་ནས་ཐོག་མར་དགུན་ཚོང་འགོ་ཚུགས་ཡོད་ཅིང་། བགྲེས་སོང་དངོས་གྲུབ་ལགས་ནི་སྐབས་དེར་དགུན་ཚོང་ཐོག་མར་གཉེར་མཁན་གྲས་ཤིག་ཡིན་པ་དང་ཁོང་གིས་དེ་དུས་མ་རྩ་དང་ཁེ་སང་གཉིས་ཀ་ཧིན་སྒོར་༢༠༠༠༠་ཙམ་རེད། ད་ལྟ་ཧིན་སྒོར་འབུམ་ཕྲག་མང་པོའི་ཁེ་ཕན་ཡོད་པ་རེད། ལྷོ་ཕྱོགས་གཞིས་ཆགས་ཁག་ནི་གཙོ་བོ་ཞིང་ལས་ལ་བརྟེན་པའི་གཞིས་ཆགས་ཡིན་རུང་ས་ཞིང་འདེབས་པ་ལས་ཀྱང་དགུན་ཚོང་ལ་ཁེ་སང་ཆེ་བ་ཡོད་པས་སུད་ཚོང་གཉེར་གྱི་ཡོད་པ་རེད་ཅེས་བཤད། སྤྱི་ལོ་༡༩༧༠་ཐམ་པའི་རྗེས་ནས་ཞིང་པ་ཁྱིམ་ཚང་བརྒྱ་ཆ་༨༠་ཙམ་གྱིས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་དགུན་དུས་ཚོང་ལས་འགོ་འཛུགས་བྱས་དང་ཁག་ཅིག་གིས་ནམ་དུས་བཞི་ལ་ཚོང་ལས་གཉེར། མི་ཁག་ཅིག་གིས་དབྱར་དགུན་གཉིས་ཀྱི་ཚོང་ལས་གཉེར་མཁན་བཅས་ཡོད་པ་རེད།།

དགུན་ཚོང་ལ་བརྟེན་ནས་བོད་པ་བཙན་བྱོལ་བའི་འཚོ་བའི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་མོད། འོན་ཀྱང་ཕྱི་ལོ་༡༩༩༠་ཐམ་པའི་གཞུག་ནས་ཚོང་ལས་གཉེར་མཁན་ཧ་ཅང་ཉུང་དུ་ཕྱིན་འདུག དེ་ནི་གཞིས་ཆགས་ཁག་གི་ལོ་གཞོན་ཕལ་ཆེ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བསྐྱོད་པ་དང་སློབ་སྦྱོང་ལ་ཕྱིན་པ། ལས་རིགས་འདྲ་མིན་གཉེར་བཞིན་པ་བཅས་ཀྱིས་སྔོན་དང་བསྡུར་ན་དེང་སྐབས་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་ཚོང་ལས་གཉེར་མཁན་བརྒྱ་ཆ་༣༠་ཙམ་ཉུང་དུ་སོང་འདུག དེང་སྐབས་བོད་པ་བཙན་བྱོལ་བའི་སུད་ཚོང་བ་བརྒྱ་ཆ་༩༨་ཙམ་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཁོངས་སུ་ཞུགས་ཡོད་པ་དང་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ས་གནས་ཁག་༢༣༥་དང་ཁྱིམ་ཚང་༣༧༠༠་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG