ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨམ་བྷ་ལའི་བོད་པ་དགུན་ཚོང་བ་ཚོར་ཧིན་སྒོར་ས་ཡ་༨་ལྷག་གྱོང་གུད།


༄༅།། ཉེ་ཆར་རྒྱ་གར་གྱི་ཧ་རི་ཡ་ན་མངའ་སྡེའི་ཨམ་བྷ་ལ་གྲོང་ཁྱེར་གྱི་བོད་པའི་དགུན་ཚོང་ཁྲོམ་རར་མེ་སྐྱོན་ཕོག བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་རྒྱུན་ལས་གཅིག་ས་གནས་སུ་མེ་སྐྱོན་གྱི་གནོད་འཚེ་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་ཅིང་། ཁོང་ཚོས་ཉིན་བཞི་ལ་རྟོག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཨམ་བྷ་ལའི་བོད་པ་སུད་ཚོང་བ་ཚོའི་ཧིན་སྒོར་ས་ཡ་༨་ལྷག་གི་མ་རྩའི་དངོས་ཟོག་རྣམས་མེར་འཚིག་སྟེ་གྱོང་གུད་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག་
ཨམ་བྷ་ལ་གྲོང་ཁྱེར་གྱི་བོད་པའི་དགུན་ཚོང་ཁྲོམ་ར་ནི་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་སྒྲིག་འཛུགས་ཁོངས་སུ་ཞུགས་ཡོད་པའི་ཁྲོམ་ར་ཞིག་ཡིན་ཞིང་། དེ་རིང་ཀུ་ལུ་མ་ན་ལིའི་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ཁྱིམ་ཚང་གསུམ་དང་མ་ཌིའི་ཁྱིམ་ཚང་གསུམ། སིམ་ལའི་བོད་པ་ཁ་འཐོར་བའི་ཁྱིམ་ཚང་གཉིས་བཅས་ཁྱིམ་ཁག་༨་ཀྱི་ཁྲོམ་ས་༡༠་ཐམ་པར་མེ་སྐྱོན་གྱི་གྱོང་གུད་ཕོག་ཡོད་པའི་གནས་ཚུལ་གསལ་བསྒྲགས་སྤེལ་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ནས་ཚོགས་གཞོན་བསྟན་འཛིན་མཁྱེན་བརྩེ་ལ་རྟོག་ཞིབ་ཀྱི་རྒྱུད་རིམ་ཁྲོད་དུ་མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་རྩད་གཅོད་ཐུབ་སོང་ངམ་ཞེས་དྲིས། ཁོང་གིས་ང་ཚོས་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན་མེ་སྐྱོན་དེ་གློག་གི་མེ་སྐྱོན་ཞིག་ཡིན་པ་དང་ཨམ་བྷ་ལ་གྲོང་ཁྱེར་དུ་བོད་པ་དགུན་ཚོང་གཉེར་མཁན་ཚོང་ཁང་༢༡་ཡོད་ཀྱང་ཏོག་དབྱིབས་ནད་དུག་དང་ཁྱིམ་ཚང་གི་དཀའ་ངལ་སོགས་ཀྱིས་དངོས་སུ་ཁྲོམ་སྟོན་མཁན་ཚོང་ཁང་༡༠་ལས་མི་འདུག ཁོ་ཚོའི་དངོས་ཟོག་ཚང་མ་མེར་འཚིག་འདུག་ཅེས་ལན་འདེབས་གནང་བྱུང་།།

ད་ལོ་ཏོག་དབྱིབས་ནད་དུག་གི་རྐྱེན་པས་སྔར་བཞིན་དགུན་ཚོང་ཡག་པོ་བྱུང་མེད་པར་མ་ཟད། ལྷག་པར་དུ་ཨམ་བྷ་ལའི་བོད་པའི་དགུན་ཚོང་ཁྲོམ་རར་མེ་སྐྱོན་བྱུང་སྟེ་མ་རྩ་སོགས་ཕུད་པའི་ཧིན་སྒོར་ས་ཡ་༨་ལྷག་གི་གྱོང་གུད་ཕོག དེའི་སྟེང་དུ་ཁྲོམ་ས་བསྐྱར་གསོའི་ཆེད་དུ་ཧིན་སྒོར་ས་ཡ་༡་དང་ཕྱེད་ཀ་བཅས་ཁྱོན་བསྡོམས་ཧིན་སྒོར་ས་ཡ་༩་དང་ཕྱེད་ཀ་ལྷག་གི་གྱོང་གུད་ཕོག་འདུག་པ་བཅས་ཀྱི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG