ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ།


༄༅།། ཕྱི་ཟླ་༧་པའི་ཚེས་༣༠་ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་དྲྭ་ཐོག་ཏུ་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་སྤེལ་བའི་ཁོངས་སུ་བཙན་བྱོལ་བོད་མིའི་སློབ་གྲྭ་༡༦་གི་སློབ་ཕྲུག་༢༧་གྱིས་ཨང་ཀི་བརྒྱ་ཆ་༩༥་ལྷག་ལོན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སློབ་ཕྲུག་དེ་ཚོར་སྲིད་སྐྱོང་གི་སློབ་ཡོན་ཧིན་སྒོར་འབུམ་རེ་གནང་གཏན་ཁེལ་ཡོད་ཅེས་ཤེས་རིང་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་གྱིས་འགྲེལ་བརྗོད་གནང་སོང་། ཁོང་གིས་སྔ་ལོ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་སློབ་གྲྭ་ཁག་ཏུ་སློབ་ཁྲིད་མང་ཆེ་བ་དྲྭ་ལམ་དུ་བྱེད་དགོས་བྱུང་ཡོད་པར་མ་ཟད། རྒྱ་གར་རྒྱལ་ཡོངས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འཛིམ་རིམ་བཅུ་གཉིས་པ་དང་བཅུ་པའི་ཡིག་རྒྱུགས་ཁག་ཕྱིར་འགྱངས་བྱ་དགོས་བྱུང་སོང་། མཐར་ནད་ཡམས་ལས་གྲོལ་ཐབས་བྲལ་བའི་དུས་སུ་དངོས་གཞིའི་ཡིག་རྒྱུགས་རྣམས་ཕྱིར་འཐེན་བྱས་ཡོད་པས་བཙན་བྱོལ་བོད་མིའི་སློབ་གྲྭ་༡༦་གི་སློབ་ཕྲུག་༡༠༩༨་ཀྱིས་རྒྱུགས་སྤྲོད་ལ་ཞུགས་རྒྱུའི་དེབ་སྐྱེལ་ཐོ་འགོད་བྱས་ཀྱང་སློབ་ཕྲུག་༣༦་སློབ་གྲྭ་ནས་དགོངས་ཞུས། ཁོ་ཚོ་འཛིན་གྲྭའི་ལས་དོན་ཁག་ལ་ཞུགས་མ་ཐུབ་པ་སོགས་ཀྱིས་སློབ་ཕྲུག་༡༠༦༢་རྒྱུགས་སྤྲོད་ལ་ཞུགས། སློབ་ཕྲུག་གཉིས་ཀྱིས་སློབ་ཚན་རེ་རྒྱུགས་མ་འཕྲོད་པ་ལས་གཞན་པ་ཚང་མས་ཡིག་རྒྱུགས་འཕྲོད་འདུག་ཅེས་བཀྲལ།།

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བོད་ཕྲུག་རྒྱུགས་འབྲས་ཨང་གྲངས་བརྒྱ་ཆ་༩༥་ལྷག་ལོན་པ་ཚོར་སྲིད་སྐྱོང་གི་སློབ་ཡོན་དང་འཛིན་རིམ་བཅུ་གཉིས་ཀྱི་སྡེ་ཚན་རེ་ནས་སློབ་ཕྲུག་རྩེ་ཕུད་གསུམ་རེར་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས། དེ་བཞིན་རྒྱུགས་འབྲས་བརྒྱ་ཆའི་རིམ་པ་ལྟར་སློབ་ཡོན་མང་ཉུང་མི་འདྲ་བ་ཁག་ཅིག་གནང་སྲོལ་ཡོད་པ་རེད། ད་ལན་གྱི་ཡིག་རྒྱུགས་ཁོངས་སུ་སྡེ་ཚན་སོ་སོའི་རྒྱུགས་འབྲས་མཐོ་ཤོས་བླངས་པའི་སློབ་ཕྲུག་གསུམ་བྱུང་ཡོད་པ་ནི་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཡིན་ཞིང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལ་ད་ལོའི་རྒྱུགས་གྲུབ་འབྲས་ནི་ཡིག་རྒྱུགས་ལ་མ་ཞུགས་པར་གྲུབ་འབྲས་གསལ་བསྒྲགས་བྱས་ཏེ་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན་པས་རྒྱུགས་འབྲས་ཀྱི་ཨང་གྲངས་བརྒྱ་ཆ་དེ་རྣམས་ཇི་ལྟར་བརྩིས་པ་རེད་ཅེས་དྲིས། ཁོང་གིས་ཏོག་དབྱིབས་ནད་ཡམས་ཀྱིས་སློབ་ཕྲུག་ཚོ་རྒྱུན་ལྡན་མ་ཡིན་པའི་བྱེད་སྒོ་ཁག་ལ་ཞུགས་ནས་སློབ་སྦྱོང་བྱེད་དགོས་བྱུང་ཞིང་། རྒྱ་གར་གྱི་ཤེས་ཡོན་མཁས་པ་དང་ཕྲུ་གུའི་སེམས་ཁམས་རིག་པའི་ཆེད་ལས་པ་མང་པོས་རྒྱལ་ཡོངས་ཤེས་ཡོན་ལྷན་ཚོགས་ཚང་མས་སློབ་ཕྲུག་ལ་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་དུ་མར་དགོངས་པ་ཆེ་བཞེས་དགོས་པའི་འབོད་སྐུལ་ཞུས་ནས་བྱུང་བ་རེད། ད་ལོ་ཡིག་རྒྱུགས་འཕྲོད་མཁན་གྱི་བརྒྱ་ཆ་མཐོན་པོ་ལོན་པ་རེད་ཅེས་འགྲེལ་བཤད་བརྒྱབ་འདུག

གཞན་ཡང་ཕྱི་ཚེས་༣་ཉིན་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་རྣམས་གསལ་བསྒྲགས་སྤེལ། ཤེས་རིག་ལས་ཁུངས་འོག་འཛིམ་རིམ་བཅུ་པ་ཡོད་པའི་སློབ་གྲྭ་༢༧་ཡོད་ཅིང་། ད་ལྟའི་ཆར་སློབ་གྲྭ་ཁག་གི་མིང་གཞུང་རྣམས་རིམ་བཞིན་འབྱོར་གྱི་ཡོད་པ་དང་སྔ་ལོ་ནས་བཟུང་སྟེ་ཤེས་རིག་ལས་ཁུངས་ཀྱིས་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་བརྒྱ་ཆ་༩༥་ལོན་པའི་སློབ་ཕྲུག་རྩེ་ཕུད་བཅུ་ལ་ཧིན་སྒོར་༢༥༠༠༠་རེའི་གཟེངས་རྟགས་སྤྲོད་འགོ་ཚུགས། བོད་ཡིག་རྒྱུགས་འབྲས་ཀྱང་ཉུང་མཐར་ཨང་གྲངས་བརྒྱ་ཆ་༧༥་ལོན་པ་དགོས་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG