ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མཱེ་སོར་གྲོང་ཁྱེར་དུ་སྨན་རྩིས་ཁང་གི་ཡན་ལག་གསར་འཛུགས།


༄༅།། ཕྱི་ཟླ་༨་ཚེས་༤་ཉིན་དབུས་བོད་ཀྱི་སྨན་རྩིས་གིས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་མཱེ་སོར་རྫོང་དུ་ཡན་ལག་སྨན་རྩིས་ཁང་ཞིག་གསར་དུ་སྒོ་ཕྱེ། སྨན་རྩིས་ཁང་གི་ཡན་ལག་ནི་མཱེ་སོར་གྲོང་ཁྱེར་གྱི་ར་མ་ཀིར་ཤཱི་ན་ནཱ་གྷར་གྱི་ཨུ་དྷེ་ཡ་ར་ཝྭི་གཞུང་ལམ་དུ་ཡོད་ཅིང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། མཱེ་སོར་གྲོང་ཁྱེར་དུ་ཡན་ལག་སྨན་ཁང་ཞིག་གསར་འཛུགས་གནང་དགོས་དོན་ནི་རྒྱ་གར་གྱི་སྤྱི་ཚོགས་སུ་བོད་ཀྱི་གསོ་བ་རིག་པའི་གོ་རྟོགས་སྤེལ་རྒྱུ་དང་མཱེ་སོར་གྲོང་ཁྱེར་དུ་གནས་འཁོད་བོད་པ་དང་ས་གནས་ཡུལ་མི་ཚོས་བོད་སྨན་བསྟེན་གཏུག་བྱེད་ཐུབ་པའི་ཆེད་དུ་གསར་འཛུགས་བྱས་པ་ཡིན། ད་ལྟའི་ཆར་སྨན་པ་གཉིས་དང་ལས་བྱེད་པ་གཉིས་བཅས་མི་བཞི་ཡོད་ཅེས་འགྲེལ་བརྗོད་གནང་འདུག ཁོང་གིས་མུ་མཐུད་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་སྨན་རྩིས་ཁང་གིས་ཕྱི་ནང་མི་རིགས་ཚང་མར་སྨན་བཅོས་དང་སྨན་སྦྱིན་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད། སྨན་རྩིས་ཁང་གི་དབུས་དང་ཡན་ལག་སྨན་ཁང་ཁག་གིས་སྔ་ལོའི་ཕྱི་ཟླ་༤་པ་ནས་བོད་པ་དང་རྒྱ་གར་ཡུལ་མི་ཚོར་ཏོག་དབྱིབས་རིམས་ནད་ཀྱི་སྨན་རིན་མེད་དུ་ཕུལ་དང་འབུལ་བཞིན་པར་མ་ཟད། དམིགས་བསལ་སྨན་རྩིས་ཁང་གི་ཕྱི་རོལ་ཛ་དྲག་ཚན་ཁག་ཅིག་གསར་འཛུགས་བྱས་ཏེ་ཏོག་དབྱིབས་ནད་པ་དང་སྨན་པ་གཉིས་དངོས་སུ་ཐུག་འཕྲད་ཀྱི་གོ་སྐབས་མེད་པའི་དུས་སུ་བོད་སྨན་བསྟེན་འདོད་ཡོད་པའི་ཕྱི་ནང་གི་ནད་པ་ཚོར་རྒྱང་རིང་སྨན་པ་བསྟེན་གཏུགས་ཀྱི་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད། ལྷག་པར་དུ་རྒྱ་གར་གྱི་མངའ་སྡེ་༡༧་གྱི་ནང་དུ་ཡན་ལག་སྨན་ཁང་༢༧་སྒོ་ཕྱེ་ཡོད་པ་དེ་དག་གིས་རྒྱང་རིང་སྨན་པ་བསྟེན་གཏུགས་ཀྱི་ཞབས་འདེགས་གང་ལེགས་ཞུས་དང་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་འདུག ད་དུང་སྨན་རྩིས་ཁང་གིས་རྟག་ཏུ་ཉམ་ཐག་དང་ལོ་ན་༦༥་ཡན་ཆད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ། བོད་ནས་གསར་དུ་འབྱོར་བ། སྨན་རྩིས་ཁང་གི་ལས་བྱེད་པ་དང་བཟའ་མི། འབྲས་ནད་དང་གློ་གཅོང་། གཉན་ནད་རེག་དུག མཆིན་ནད་དུག་ཐབས་བཅས་ནད་གཞི་ལྕི་བོ་ཡོད་པའི་ནད་པ་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་འོག་སྨན་རིན་བརྒྱ་ཆ་༡༠་ཆག་ཡང་གཏོང་རྒྱུ། གྲྭ་བཙུན་དང་སློབ་ཕྲུག་བཅས་ལ་སྨན་སྦྱིན་ཕྱེད་བཅག ཆ་སྙོམས་ཟླ་བ་རེར་ཧིན་སྒོར་འབུམ་༢༨་ཡས་མས་རེ་གཏོང་གི་ཡོད་འདུག དབུས་བོད་ཀྱི་སྨན་རྩིས་ཁང་གིས་༢༠༢༡་ལོར་ཡན་ལག་སྨན་ཁང་གསུམ་སྒོ་ཕྱེ་ཡོད་པ་སྟེ། ཟླ་བ་འདིའི་ཕྱི་ཚེས་༤་ཉིན་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་དུ་གཏན་འཇགས་ཡན་ལག་སྨན་ཁང་གསར་པ་ཞིག་གི་ལས་གཞི་མགོ་བརྩམས། ཕྱི་ཟླ་༥་ཚེས་༥་ཉིན་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ཨལ་པུ་ཛཱ་རྫོང་ཁོངས་ཀྱི་པ་ཏི་ར་པ་ལི་ས་གནས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་པ་ཞིག་སྒོ་ཕྱེ་ཞིང་། ད་ལྟ་མཱེ་སོར་གྲོང་ཁྱེར་དུ་སྨན་རྩིས་ཁང་གི་ཡན་ལག་ཅིག་སྒོ་ཕྱེ་ཡོད་པ་བཅས་ཁྱོན་བསྡོམས་སྨན་རྩིས་ཁང་ལ་ཡན་ལག་སྨན་ཁང་༦༥་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG