ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མོན་གྷོ་གཞིས་ཆགས་སུ་ནད་དུག་འགོས་པའི་མི་གྲངས་༡༥་བྱུང་བ།


༄༅།། རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་འགྲོ་འོང་བཀག་སྡོམ་བྱས་ཡོད་ཅིང་། ད་ལྟའི་བར་དུ་མོན་གྷོ་འདོད་རྒུ་གླིང་ཕྱི་ཆགས་སུ་ཕྱི་ནས་ཡོང་མཁན་བོད་པ་༤༥༤་ཟུར་འགོག དེ་དག་གི་གྲས་ཀྱི་མི་༡༥་ལ་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་སྟེ་སྨན་བཅོས་བྱས་ནས་མི་༡༣་དྲག་སྐྱེས་བྱུང་། མཐའ་མའི་ནད་པ་བོུ་མི་གཉིས་ཡོད་པའང་དྲག་སྐྱེས་བྱུང་སྟེ་ཁ་སང་ཕྱི་ཟླ་༧་ཚེས་༡༩་ཉིན་གྱི་དྲོར་མོན་གྷོ་འདོད་རྒུ་གླིང་རྒྱ་གར་གཞུང་གི་སྨན་ཁང་ནས་ཕྱི་ལ་ཐོན། ནད་པ་དེ་དག་གི་གྲས་ཀྱི་ལོ་ན་མཐོ་ཤོས་ནི་ལོ་༨༣་ཡིན་པ་དང་ནད་པ་ཆུང་ཤོས་བྱིས་པ་ལོ་༡༢་ཅན་ཞིག་ཡིན་འདུག ད་ལྟའི ཆར་གཞིས་ཆགས་དེར་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་གཅིག་ཀྱང་མེད་ཅེས་ས་གནས་གཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱིས་དེ་རིང་ཕྱི་ཚེས་༢༠་ཉིན་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ཏུ་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱེད་པར་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་ཤིག་ལག་ལེན་བསྟར་ཐབས་མེད་ཀྱང་རྒྱ་གར་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་པས་མོན་གྷོ་འདོད་རྒུ་གླིང་གི་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་གཉིས་གཙོས་རིས་མེད་དགོན་སྡེ་ཁག་དང་གཞིས་གྲོང་ཁག་གི་བརྒྱ་དཔོན་ཚོ་ཛ་དྲག་གི་ཚོགས་འདུ་ཚོགས་ནས་གཞིས་གྲོང་ཁག་དང་དགོན་སྡེ་ཁག་ཏུ་ཕན་ཚུལ་འགྲོ་སྐྱོད་གཏན་ནས་བྱེད་མི་ཆོག ལྷག་པར་དུ་གནས་སྐབས་རིང་འབྲེལ་ཡོད་ལ་སྔོན་ནས་བརྡ་མ་བཏང་བར་རང་འདོད་ཀྱིས་ཕྱི་ནས་གཞིས་ཆགས་དང་དགོན་སྡེ་ཁག་ལ་འཛུལ་མི་ཆོག གལ་སྲིད་ཁྲིམས་ལ་ལྟོས་མེད་ཀྱིས་ཡོང་མཁན་བྱུང་ན་ཧིན་སྒོར་ཁྲི་གཅིག་རེ་ཉེས་ཆད་གཅོད་རྒྱུའི་བཅའ་ཡིག་ཤིག་བཟོས་ནས་ཁུངས་སོ་སོར་བཀྲམ།།

མོན་གྷོ་གཞིས་ཆགས་ཀྱི་ཁྲིམས་དེར་བརྩི་མེད་ཀྱིས་ཕྱི་ནས་ཡོང་མཁན་མི་༨་ལ་ཧིན་སྒོར་ཁྲི་ཚོ་གཅིག་རེ་ཉེས་ཆད་བཅད་པར་སྤྱི་ཚོགས་སུ་བསམ་ཚུལ་འདྲ་མིན་ཞིག་འབྱུང་གི་ཡོད་པས་གནད་དོན་དེར་མོན་གྷོ་འདོད་རྒུ་གླིང་གི་ས་གནས་གཞིས་འགོ་ལྷག་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁྲིམས་དེ་འདྲ་ཞིག་བཟོ་དགོས་དོན་ནི་ས་གནས་ཁག་ཏུ་ཟུར་འགོག་བྱ་ཡུལ་ཁང་པའི་མཐུན་རྐྱེན་དཀོན་པའི་སྟབས་ཀྱིས་ཡིན། ཕྱི་ནས་ཡོང་མཁན་ཚོས་སྔོན་ལ་གཞིས་གྲོང་གི་སྤྱི་མིར་འབྲེལ་བ་བྱས་ཏེ་ཟུར་འགོག་ཁང་ནས་མི་ཐོན་རིམ་བཞིན་དུ་མི་གསར་པ་ཡོང་ཆོག་པ་བཟོས་ཡོད། གཞིས་ཆགས་ལ་ཕྱི་མི་གཏན་ནས་ཡོང་མི་ཆོག་ཟེར་གྱི་ཡོད་པ་མ་རེད། མི་ཁག་ཅིག་གིས་ཤེས་བཞིན་དུ་ཡོང་བའི་རྐྱེན་གྱིས་དངུལ་སྒོར་ཉེས་ཆད་ཕོག་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།།

སྤྱི་ཚོགས་ཀྱི་གླེང་ཕྱོགས་དེར་གདན་ས་འབྲས་སྤུངས་དང་དགའ་ལྡན་སོགས་དགོན་སྡེ་གྲ་ཚང་ཁག་གིས་ཀྱང་ཁྲིམས་དེ་མོན་གྷོ་གཞིས་ཆགས་ཀྱི་མང་ཚོགས་སྤྱི་དང་སོ་སོ་སྒེར་གྱི་འཕྲོད་བསྟེན་ཆེད་དུ་ཡིན་ཞེས་བཀྲལ། གཞན་ཡང་ས་གནས་གཞིས་འགོ་ལྷག་པ་ཚེ་རིང་ལགས་ཀྱིས་མུ་མཐུད་དུ་འགྲེལ་བརྗོད་བྱས་པ་ལྟར་ན། དེང་སྐབས་རྒྱ་གར་ལ་དབུས་གཞུང་གི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པའི་གྲངས་འབོར་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པས་ཕྱིས་སུ་གཞུང་གི་སྨན་ཁང་ཁག་ཏུ་ཚུད་རྒྱུ་དཀའ་ངལ་འཕྲད་ས་རེད། བོད་པ་བཙན་བྱོལ་བའི་ས་གནས་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོག་བཅོས་རིམ་པ་དང་པོ་དང་གཉིས་པ། སྨན་ཁང་བཅས་ཀྱི་མཐུན་རྐྱེན་རྣམས་གྲ་སྒྲིག་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་འགྲེལ་བརྗོད་གནང་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG