ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ས་ཡ་༡་ལྷག་ཡོད་པ། 


༄༅།། དེ་རིང་གཟའ་པ་སངས་ཀྱི་དུས་སུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ས་ཡ་གཅིག་བརྒལ་ཏེ་ཨ་མི་རི་ཀ་དང་བྷར་ཛིལ་གཉིས་ཀྱི་འཕྲོ་ནས་རྒྱ་གར་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་གི་ནད་པ་མང་ཤོས་ཨང་གསུམ་པའི་རྒྱལ་ཁབ་དེར་གྱུར། ཉམས་ཞིབ་པ་ཚོས་རྒྱ་གར་ལ་མི་འབོར་དུང་ཕྱུར་༡༣་ལྷག་ཡོད་པར་གཞིགས་ན། མི་ས་ཡ་གཅིག་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པ་ནི་ནད་པའི་གྲངས་འབོར་ཉུང་ཚོད་རེད། རྒྱ་གར་གཞུང་གིས་བདུན་ཕྲག་དང་ཟླ་བར་བསྟུད་ནས་མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ཇེ་མང་དུ་གཏོང་བཞིན་ཡོད་པས་ནད་པའི་གྲངས་འབོར་འཕར་སྣོན་འགྲོ་རྒྱུ་ཉག་གཅིག་རེད། རྒྱ་གར་གྱི་སྨན་ཁང་ཁག་དང་འཕྲོད་བསྟེན་ལས་སྣེ་ཚོས་ནད་པར་སྨན་བཅོས་དང་ལྟ་རྟོག་བྱེད་ཐུབ་ཀྱི་མེད་པའི་དཀའ་ངལ་ཇེ་ཆེར་འགྲོ་ངེས་རེད་ཅེས་ཉེན་བརྡ་བཏང་འདུག ཉེ་དུས་ཤིག་ནས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཁྱབ་བཞིན་པའི་ཏོག་དབྱིབས་ནད་དུག་གྲོང་གསེབ་ཁག་ལ་ཁྱབ་འགོ་ཚུགས། བདུན་ཕྲག་སྔོན་མ་ནས་རྒྱ་གར་གྱི་ནད་པའི་གྲངས་འབོར་ཨུ་རུ་སུའི་གོང་དུ་ཤོར་ཡོད་པའི་གནས་ཚུལ་ཐོན།།

བདུན་ཕྲག་འདིར་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་བྷེང་ལོར་གྲོང་ཁྱེར་ནས་བྷི་ཧར་མངའ་སྡེའི་གྲོང་གསེབ་ཁག་བཅས་ས་གནས་ཁག་ཅིག་ལ་སླར་ཡང་འགྲོ་འོང་བཀག་སྡོམ་བྱས་ནས་ནད་ཡམས་ཁྱབ་གདལ་ཀྱི་ས་གནས་གསར་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་མི་མང་རྣམས་རང་ཁྱིམ་དུ་འགོག་ཐུབ་རྒྱུ་དཀའ་ངལ་ཆེ་རུ་སོང་འདུག ཕྱི་ཟླ་༧་ཚེས་༡༧་གཅིག་པུར་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༤༩༥༦་ཐོན། ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་༢༥༦༠༢་ལ་འཆི་སྐྱོན་བྱུང་སོང་ཞེས་དབུས་གཞུང་གི་གཞི་གྲངས་སུ་བཀོད། ཡིན་ནའང་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གི་ནད་པ་༣༦༠༠༠༠༠་ལྷག་ཡོད་པ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་ནད་པ་༢༠༠༠༠༠༠་ལྷག་ཡོད་པར་བསྡུར་ན་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་ནད་པ་ས་ཡ་གཅིག་ལྷག་ཡོད་པ་ནི་མང་པོ་མ་རེད་ཅེས་དགའ་བ་སྒོམ་དགོས་པའི་ཚད་དུ་ཟད། རྒྱ་གར་གྱི་ནད་རིགས་སྔོན་འགོག་དང་བརྟག་དཔྱད་མཁས་པ་གྷི་རི་ཛར་བྷ་བྷུས་བཤད་པ་ལྟར་ན། ད་དུང་ཡང་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ངར་སྒང་དེར་སླེབས་ཡོད་ཚོད་མི་འདུག དེས་ན་ཟླ་བ་འདིར་རྒྱ་གར་ལ་ནད་པ་གསར་པའི་གྲངས་འབོར་ཧ་ཅང་མང་པོ་ཞིག་འཕར་སྣོན་འགྲོ་ས་རེད། ང་ཚོས་དུས་ཚོད་འགྲོ་རིམ་བཞིན་དུ་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཉུང་དུ་གཏོང་ཐུབ་པའི་དམིགས་ཡུལ་བཟུང་ཡོད། འོན་ཀྱང་རྒྱ་གར་གྱི་ས་གནས་ཁག་ལ་སྨན་ཁང་དང་སྨན་ཁང་ཁག་ལ་ཉལ་ཁྲི་འདང་ངེས་མེད་པའི་དཀའ་ངལ་སེལ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད།།

འདས་པའི་ཟླ་བ་བཞིའི་རིང་ལ་རྒྱ་གར་གྱི་ས་གནས་ཁག་ཏུ་རིམ་བཞིན་དུ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་སྨན་ཁང་དང་སྨན་ཞབས་པ་མེད་པའི་དཀའ་ངལ། རྒྱ་གར་གྱི་འཕྲོད་བསྟེན་སྨན་ཁང་ཁག་ལ་འགྲོ་གྲོན་འདང་ངེས་མེད་པའི་དཀའ་ངལ་ཆེན་པོ་འཕྲད། སྲིད་བློན་མོ་དྷིའི་གཞུང་གིས་ཕྱི་ཟླ་༣་ནང་དུ་འགྲོ་འོང་བཀག་སྡོམ་ནན་པོ་བྱས་པ་དེས་མི་ལ་ནད་མནར་དང་འཆི་སྐྱོན་འབྱུང་རྒྱུ་ཉུང་དུ་གཏོང་ཐུབ་ཡོད། རྒྱ་གར་གྱི་སྨན་ཁང་ཁག་དང་འཕྲོད་བསྟེན་ལས་སྣེ་ཚོར་གྲ་སྒྲིག་གི་དུས་ཚོད་བྱུང་ཡོད་ཅེས་གྲུབ་འབྲས་བགྲངས། ལྡི་ལི་གསར་པའི་རྒྱ་གར་རྒྱལ་ཡོངས་གསོ་སྤྱད་ཚན་རིག་ཁང་གི་སྨན་པའི་སློབ་དཔོན་གཞོན་པ་ཀ་པིལ་ཡ་དྷབ་ཀྱིས་བཤད་པ་ལྟར་ན། རྒྱ་གར་ལ་སྨན་ཁང་དང་སྨན་ཆས། འཕྲོད་བསྟེན་ལས་སྣེ་བཅས་པ་འདང་ངེས་མེད་པའི་དཀའ་ངལ་ཡོད་པ་རྣམས་སེལ་ཐུབ་མེད་པ་དང་འགྲོ་འོང་བཀག་སྡོམ་གྱིས་ཀྱང་རིམས་ནད་སྔོན་འགོག་བྱ་རྒྱུ་དེར་ནུས་པ་ཆེན་པོ་ཞིག་ཐོན་མི་འདུག རྒྱ་གར་གྱིས་རིམས་ནད་འདིར་སྣང་ཆུང་གཏོང་རྒྱུ་ཐལ་དྲགས་སོང་འདྲ་ཞེས་བཤད། རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷིས་སྲིད་བློན་མོ་དྷིར་རིམས་ནད་སྔོན་འགོག་གི་ལས་ཐབས་ནུས་པ་ཅན་ཞིག་ལག་ལེན་བསྟར་དགོས། ཕྱི་ཟླ་༨་པའི་ཚེས་༡༠་ཡས་མས་སུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ས་ཡ་གཉིས་བརྒལ་རྒྱུའི་ཉེན་ཁ་འདུག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་འབོད་སྐུལ་ཞུས་འདུག

ད་ལོའི་ཕྱི་ཟླ་༣་པར་རྒྱ་གར་གཞུང་གིས་འགྲིམ་འགྲུལ་བཀག་པའི་རྗེས་སུ་གྲོང་གསེབ་ཁག་ནས་གྲོང་ཁྱེར་ཁག་ལ་ལས་ཀ་འཚོལ་དུ་འགྲོ་མཁན་མི་གྲངས་ས་ཡ་མང་པོ་རང་གནས་སུ་ཕྱིར་ལོག་བྱེད་མ་ཐུབ་པར་ཡུན་རིང་ལུས། རྒྱ་གར་བ་སྟོང་ཕྲག་མང་པོ་གྲོང་ཁྱེར་ཁག་ནས་སྤྱི་ལེ་བརྒྱ་ཕྲག་གི་ཕ་རོལ་ཏུ་ཡོད་པའི་རང་གི་ས་གནས་སོ་སོར་རྐང་ཐང་དུ་ཕྱིར་ལོག་བྱས་པས་ལམ་དུ་མི་ཁག་ཅིག་ལ་འཆི་སྐྱོན་བྱུང་། ངལ་རྩོལ་བ་འབུམ་ཕྲག་མང་པོ་གླ་ཕོགས་སོགས་མེད་པར་འཚོ་གནས་བྱ་དགོས་བྱུང་ཞིང་། རྒྱ་གར་གྱི་བྷི་ཧར་གཙོ་བོར་གྱུར་པའི་མངའ་སྡེ་འགའ་ཞིག་གི་གྲོང་གསེབ་པ་ངལ་རྩོལ་བ་རྣམས་གྲོང་ཁྱེར་ཁག་ནས་རང་གནས་སུ་ཕྱིར་ལོག་བྱས་པའི་རྗེས་སུ་གྲོང་གསེབ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་རྒྱུ་ཤུགས་ཆེ་རུ་སོང་། སྲིད་བློན་མོ་དྷིའི་གཞུང་གིས་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱ་རྒྱུ་སྔ་དྲགས་པ་དང་རྒྱ་གར་གྱི་གྲོང་གསེབ་ཁག་ལ་གཙང་སྦྲ་འཕྲོད་བསྟེན་མེད་པ། ཆུ་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཞན་པས་རྒྱ་གར་གྱི་དབུལ་ཕོངས་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་ཤུགས་ཆེ་རུ་སོང་སྟེ་ནད་དུག་འགོས་ཡོད་པ་རྣམས་འཕྲལ་དུ་རྩད་གཅོད་མི་ཐུབ་པ། ནད་པ་དེ་དག་གིས་སྐྱེ་བོ་གཞན་ལ་ནད་དུག་བགོ་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་ཅིང་། རྒྱ་གར་གྱི་ནད་རིགས་སྔོན་འགོག་དང་བརྟག་དཔྱད་མཁས་པ་བྷ་བྷུ་སོགས་ཀྱིས་སྐབས་ཤིག་གི་རིང་ལ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་ནད་པའི་གྲངས་འབོར་ཉུང་དུ་འགྲོ་མི་སྲིད། རྒྱ་གར་ལ་ཏོག་དབྱིབས་རིམས་ནད་ས་གནས་གཅིག་ནས་གཅིག་ལ་ཁྱབ་ཀྱི་འདུག་ཅེས་བཤད།།

འདི་ཙམ་ན་ཨ་མི་རི་ཀ་དང་དབྱིན་ཇི། འཇར་མན་ཎི་དང་རྒྱ་ནག རྒྱ་གར་དང་ཨུ་རུ་སུ་སོགས་རྒྱལ་ཁབ་མང་དག་ཅིག་གིས་ཏོག་དབྱིབས་ནད་དུག་འགོག་ཐབས་ཀྱི་སྨན་ཁབ་གསར་པ་བཟོས་ནས་མི་ལ་བརྒྱབ་སྟེ་ཚོད་ལྟ་བྱེད་བཞིན་པའི་དུས་ཤིག་ཡིན། རྒྱལ་ཁབ་ཕལ་ཆེ་བས་༢༠༢༠་ཐམ་པའི་ལོ་མཇུག་ཡས་མས་སུ་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་གསར་པ་ཞིག་འཐོན་ཐུབ་པའི་རེ་བ་འཆང་གི་ཡོད་ཀྱང་ཁ་སང་ཕྱི་ཚེས་༡༦་ཉིན་དབྱིན་ཇིའི་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨ་མི་རི་ཀ་དང་དབྱིན་ཇི། ཁེ་ན་ཌ་གསུམ་གྱི་གསོ་སྤྱད་ཞིབ་འཇུག་ལས་ཁང་ཁག་གི་དྲྭ་ལམ་དུ་ཨུ་རུ་སུའི་དྲྭ་རྐུན་འཛུལ་ནས་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་དང་སྨན་ཁབ་གསར་པ་བཟོ་ཐབས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་རྙེད་དོན་རྣམས་རྐུ་འཁྱེར་བྱ་ཐབས་བྱས་འདུག ཨེ་ཕི་ཊི་༢༩་ཟེར་པ་དང་རྗེ་དཔོན་ཟེར་པ། བདེ་ལྷོད་དོམ་ཕྲུག་ཟེར་པ་སོགས་མིང་འདྲ་མིན་ཞིག་བཏགས་པའི་ཨུ་རུ་སུའི་དྲྭ་རྐུན་ཚོགས་པ་ཞིག་རྐུ་འཕྲོག་གི་ལས་སུ་ཞུགས་ནས་བྲེལ་བཞིན་འདུག ཨེ་ཕི་ཊི་༢༩་ཟེར་པ་དེས་རྒྱལ་ཁབ་གཞན་གྱི་དྲྭ་རྒྱ་དང་རྩིས་འཁོར་སོགས་ལ་དྲྭ་དུག་བཏང་སྟེ་གཏོར་བརླག་བྱེད་པ་དང་རྩིས་འཁོར་ནང་དུ་གསོག་ཉར་བྱེད་ཡོད་པའི་ཞིབ་འཇུག་གི་གྲུབ་དོན་དང་ཤེས་བྱ་གསར་པ་རྣམས་རྐུ་ཐབས་བྱེད་ཀྱི་འདུག ལྷག་པར་དུ་དྲྭ་རྐུན་དེ་ཚོས་དམིགས་པ་གཏོད་ས་གཙོ་བོ་ནི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་གསར་པ་བཟོ་ཐབས་ཀྱི་ལག་རྩལ་དང་ཤེས་བྱ་རྣམས་རེད་ཅེས་དབྱིན་ཇིའི་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་པར་མ་ཟད། ད་ལྟའི་ཨུ་རུ་སུའི་དྲྭ་རྐུན་ཚོགས་པ་དེས་༢༠༡༦་ལོར་ཨ་རིའི་དམངས་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཁང་གི་རྩིས་འཁོར་ནང་དུ་འཛུལ་ནས་གསང་བའི་ཡིག་ཆ་རྐུ་འཁྱེར་བྱས་ཤིང་། ཨ་རིའི་གསང་བའི་ལས་ཁང་ཁག་གིས་ཨུ་རུ་སུའི་དྲྭ་རྐུན་ཚོགས་པ་དེ་རྣམས་རྒྱལ་ཁབ་དེའི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པ་དང་སྲིད་འཛིན་ཕུ་ཊོན་གྱིས་ཐད་ཀར་ཆོག་མཆན་བཀོད་ནས་དྲྭ་ལམ་ལ་སིམ་འཛུལ་གྱིས་རྒྱལ་ཁབ་གཞན་པའི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་དུ་འཇུག་གི་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་པ་རེད།།

XS
SM
MD
LG