ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་ཚོར་དམ་དྲག་ཇེ་ཆེ།


༄༅།། ཁ་སང་ཕྱི་ཟླ་༡༢་པའི་ཚེས་༢༧་ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དྲྭ་ལམ་དུ་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ལོ་གཉིས་ཀྱི་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལ་དམ་བསྒྲགས་བྱ་རྒྱུ་ཤུགས་ཇེ་ཆེ་དང་བོད་ཀྱི་རིག་གཞུང་རྩ་མེད་བཏང་ནས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ལག་ལེན་བསྟར་ནས་བོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ། ལྷག་པར་དུ་ན་གཞོན་ཤེས་ཡོན་ཅན་རྣམས་གང་བྱུང་བཀག་ཉར་བྱས་པའི་གནས་ཚུལ་སོགས་སྤེལ་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་རྒྱ་ནག་གཞུང་གིས་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་མང་པོ་ཞིག་བོད་ཀྱི་གྲོང་ཁྱེར་ཁག་ཏུ་ཁྱབ་གདལ་ཤུགས་ཆེན་གཏོང་གི་ཡོད་ཀྱང་ཞིང་བྲོག་ས་ཁུལ་ཁག་དང་གྲོང་གསེབ་ཁག་ཏུ་ཤུགས་རྐྱེན་དེ་ཙམ་ཐེབས་ཐུབ་ཀྱི་མི་འདུག ད་ལྟའི་ཆར་བོད་ཀྱི་ཞིང་འབྲོག་ས་ཁུལ་ཁག་ཏུ་བོད་ཀྱི་རིག་གཞུང་རྩ་མེད་བཏང་སྟེ་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་ལེན་བསྟར་གྱི་མེད་ཀྱང་རིམ་བཞིན་ལག་ལེན་བསྟར་ས་རེད་ཅེས་བསྟན།།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་ཀྱི་དགོངས་དོན་ཁག་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པར་མ་ཟད། མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཐོབ་ཐང་རྩོད་མཁན་གྱི་བོད་པའི་ཤེས་ལྡན་མི་སྣ་ཚོ་རིམ་བཞིན་མུན་ནག་གི་བཙོན་དུ་འཇུག་བཞིན་པ་ནི་མི་རིགས་རྩ་མེད་གཏོང་ཐབས་ཀྱི་ཧ་ཅང་གདུག་རྩུབ་ཆེ་བའི་བྱེད་ཐབས་ཤིག་ཡིན་པ་གསལ་པོ་རེད། དེར་བརྟེན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ལ་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཁག་མིང་ཙམ་མིན་པར་ཚུལ་བཞིན་བརྩིས་ཏེ་ནག་ཉེས་ཅི་ཡང་མེད་པའི་བོད་ཀྱི་ཤེས་ཡོན་ཅན་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས། ཁོ་ཚོས་རང་གི་སྐད་ཡིག་རྒྱུན་འཛིན་བྱེད་ཆོག་པའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་ཁྲིམས་ལྟར་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG