ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

རྒྱ་གཞུང་གིས་ཁམས་བྲག་འགོའི་བོད་པ་ཁག་ཅིག་བཀག་ཉར།


༄༅།། ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་༡༢་ཉིན་རྒྱ་ནག་གཞུང་གིས་ཁམས་བྲག་འགོ་ཡུལ་གྱི་སྟོན་པའི་སྐུ་བརྙན་ཆེ་ཤོས་དེ་མཐོ་ཚད་ཆེ་དྲགས་པར་ཁ་གཡར་ཏེ་གཏོར་བཤིག་བཏང་བར་མི་མང་གིས་མི་འདོད་པའི་རྣམ་འགྱུར་བསྟན་པའི་ཉེས་མིང་འོག་ཉུང་མཐར་ཡང་སྐྱ་སེར་གཉིས་ཀ་བསྡོམས་པའི་བོད་པ་གསུམ་འཛིན་བཟུང་བྱས་ནས་བྲག་འགོ་རྫོང་གི་སློབ་གསོ་ཁང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་སོང་ཞེས་བཙན་བྱོལ་དུ་བཞུགས་པའི་བྲག་འགོའི་ཡུལ་མི་དཔལ་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ད་ལོའི་ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་བྲག་འགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་དགེ་ལྡན་ནང་བསྟན་སློབ་གྲྭར་འཛུགས་སྐྲུན་བྱེད་ཆོག་པའི་བཀའ་འཁྲོལ་ཡིག་ཆ་ཚད་ལྡན་མེད་ལུགས་བརྗོད་ནས་སློབ་གྲྭའི་ཁང་པ་རྣམས་བཤིག་དགོས་པའི་བཙན་བཀའ་དང་འཇིགས་སྐུལ་བྱས་ཏེ་སློབ་གྲྭའི་ཁང་པ་བཤིག་དགོས་བྱུང་ཡོད་པར་མང་ཚོགས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་པའི་རྐྱེན་གྱིས་སྐྱ་སེར་ཡུལ་མི་ཁག་ཅིག་སྐབས་དེར་འཛིན་བཟུང་བྱས་ནས་བྲག་འགོ་རྫོང་གི་སློབ་གསོ་ཁང་དུ་བཀག་ཉར་བྱས་ཤིང་། ཁོ་ཚོར་ཉིན་ལྟར་ཆབ་སྲིད་སློབ་གསོ་དང་ངལ་རྩོལ་བཀོལ་ནས་མནར་གཅོད་གཏོང་བ་སོགས་ཀྱི་དཀའ་སྡུག་མྱོང་བཞིན་ཡོད་པ་རེད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ས་གནས་སུ་དམ་དྲག་ཆེ་བའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་མི་དེ་དག་གི་མིང་དང་ལོ་རྒྱུས་སོགས་ཤེས་རྟོགས་ཐུབ་མེད་པར་མ་ཟད། རྒྱ་གཞུང་གིས་རྟག་ཏུ་ས་གནས་མི་དམངས་ཀྱི་ཁ་པར་དང་དྲྭ་རྒྱ་སོགས་ལ་ལྐོག་ལྟ་དང་ལྐོག་ཉན་བྱེད་ཀྱི་ཡོད་པས་ཕྱི་ལ་ཡོད་པའི་སོ་སོའི་བཟའ་མི་བུ་ཕྲུག་སོགས་ལའང་འབྲེལ་བ་བྱེད་ན་འཕྲལ་དུ་འཇིགས་སྐུལ་དང་ཉེན་བརྡ་གཏོང་གི་ཡོད་འདུག རྒྱ་ནག་གཞུང་གིས་༢༠༢༡་ལོ་འདིར་བོད་ནང་གི་དགོན་པ་དང་སློབ་གྲྭ་མང་དག་ཅིག་གཏོར་བཤིག་དང་སྒོ་བརྒྱབ་པའི་གྲས་སུ་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་དྷཱི་ཚ་དགོན་དང་བྱ་ཁྱུང་དགོན། ཁམས་བྲག་འགོ་དགོན་སོགས་ཉུང་མཐར་བོད་ནང་གི་དགོན་སྡེ་ཁག་བཞི་ལ་གཏོར་བཤིག་ཕོག དགེ་འདུན་པ་རྣམས་ཕྱིར་འབུད་བཏང་བའི་གནས་ཚུལ་རིམ་པ་ཞིག་ཐོན། བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོ་བོར་གྱུར་བའི་ཕྱི་ནང་གི་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་འཛོམས་པའི་བོད་ནང་གི་སྒེར་གཉེར་སློབ་གྲྭ་མང་པོ་བརྒྱབ།།

ད་དུང་རྒྱ་ནག་གཞུང་གིས་རྫ་སེར་ཤུལ་རྫོང་གི་ཕན་བདེ་གཅེས་སྐྱོང་སློབ་གྲྭ ཕྱག་ཚྭ་ལྟེ་བའི་སྒེར་གཉེར་སློབ་ཆུང་སོགས་སློབ་གྲྭ་བཅུ་གྲངས་ཤིག དེ་བཞིན་མགོ་ལོག་ཁུལ་དར་ལག་རྫོང་ཁོངས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་དང་རྨ་ཆེན་རྫོང་ཁོངས་ཀྱི་སློབ་གྲྭ་གསུམ། དགའ་བདེ་རྫོང་ཁོངས་ཀྱི་སློབ་གྲྭ་ཞིག་དང་ཆིལ་སྒྲིལ་རྫོང་ཁོངས་ཀྱི་སློབ་གྲྭ་གཉིས་བཅས་བོད་པའི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ། ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་བྲག་འགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་སོགས་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབ་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG