ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མགོ་ལོག་ཁུལ་དུ་འབྲོག་པའི་རྩྭ་ས་གཞུང་བཞེས།


༄༅།། དེང་སྐབས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་དུ་རྩྭ་ས་བཀོལ་སྤྱོད་དཔང་ཡིག་གི་དུས་ཡུན་ལ་ཞིབ་བཤེར་བྱས་དང་བྱེད་བཞིན་ཡོད་ཅིང་། ལོ་༥༠་ཐམ་པའི་དུས་ཡུན་གྱི་དཔང་ཡིག་རྫོགས་ཟིན་པའི་རྩྭ་ས་རྣམས་རྒྱ་གཞུང་གིས་ཕྱིར་བསྡུ་བྱེད་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དང་ལས་འགུལ་དེ་མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་དང་རྨ་སྟོད་རྫོང་། དགའ་བདེ་རྫོང་དང་དར་ལག་རྫོང་། པད་མ་རྫོང། གཅིག་སྒྲིལ་རྫོང་བཅས་རྫོང་ཁག་དྲུག་ལ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༡༠་ཉིན་རྒྱ་གཞུང་འབྲེལ་ཡོད་ལས་བྱེད་པ་དང་ཉེན་རྟོག་པ་རྣམས་མགོ་ལོག་ཁུལ་གྱི་དགའ་བདེ་རྫོང་གི་ཆུ་འབྲི་སྡེ་པའི་འབྲོག་ཁུལ་དུ་ས་ཁྲིམས་སྐོར་སྐྱོད་དུ་བསླེབས་ཏེ་ལོ་༥༠་རིང་གི་རྩྭ་ས་བཀོལ་སྤྱོད་བདག་དབང་ཡིག་ཆ་དེ་ཕྱིར་བསྡུ་བྱེད་ཀྱི་ཡོད་པར་མོས་མཐུན་མེད་པའི་ས་གནས་བོད་པ་༡༧༠་ལྷག་ཁ་སང་ཕྱི་དྲོ་ས་གནས་ཉེན་རྟོག་པས་ཉེན་རྟོག་ཁང་དུ་སྐད་བཏང་སྟེ་འདྲི་ཞིབ་བྱས་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་ས་གནས་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་༡༩༧༠་ནས་རྒྱ་ནག་གཞུང་གིས་རྩྭ་སའི་བདག་དབང་གི་ས་ཁྲིམས་ཤིག་གཏན་འབེབས་བྱས་ཡོད་པ་དང་འབྲོག་པ་ཚོའི་རྩྭ་སའི་བདག་དབང་དེ་ལོ་༥༠་རིང་འབྲོག་པ་མང་ཚོགས་སོ་སོས་བེད་སྤྱོད་བྱེད་ཆོག་པའི་བདག་དབང་ཡོད་ཀྱང་མི་གཞན་ལ་བཙོང་མི་ཆོག་པའི་ས་ཁྲིམས་བཟོས་ཏེ་མང་ཚོགས་ལ་རྩྭ་ས་བཀོལ་སྤྱོད་ཀྱི་དཔང་ཡིག་ཟེར་བའི་ལག་དེབ་ཅིག་སྤྲད་ཡོད་པ་རེད། འོན་ཀྱང་ད་ལྟ་ལོ་༥༠་རྩྭ་སའི་བདག་དབང་གི་དུས་ཡུན་རྫོགས་ཡོད་ལུགས་བརྗོད་དེ་བདག་དབང་གི་ལག་དེབ་གཞུང་བཞེས་གཏོང་བཞིན་ཡོད་པར་མ་ཟད། རྩ་ས་གཞུང་བཞེས་བཏང་བའི་གུན་གསབ་ཏུ་རྒྱ་གཞུང་གིས་སྡོད་ཁང་དང་གུན་གསབ་དངུལ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཀྱང་དེ་ལ་མོས་མཐུན་མེད་པའི་མི་༩༡༧༠་རྫོང་ཉེན་རྟོག་ཁང་དུ་སྐད་བཏང་ནས་དྲི་ཞིབ་བྱས་པ་རེད། མང་ཚོགས་ཀྱིས་དེ་ལ་མོས་མཐུན་མེད་པའི་རྒྱུ་མཚན་ནི་ང་ཚོ་ཕ་མེས་ཡང་མེས་ནས་རྩྭ་སའི་ཐོག་ཏུ་འཚོ་བ་སྐྱེལ་བཞིན་ཡོད། གལ་ཏེ་རྩྭ་ས་གཞུང་བཞེས་བཏང་ན་ང་ཚོར་འཚོ་རྟེན་མེད་པ་དང་རྒྱལ་ཁབ་ཀྱིས་འཚོ་བའི་གུན་གསབ་སྤྲོད་རྒྱུའི་སྲིད་ཇུས་དེ་དུས་ཡུན་ཅི་ཙམ་བར་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་མིན་དང་སྲིད་ཇུས་དེ་དུས་ཡུན་ཅི་ཙམ་ལ་ལག་བསྟར་ཐུབ་མིན་བཤད་ཚོད་དཀའ་བས་ས་ཆ་གཞུང་ལ་སྤྲོད་རྒྱུ་མིན་ཚུལ་བརྗོད་དེ་ངོས་ལེན་བྱེད་ཀྱི་མེད་པ་རེད།།

༢༠༢༡་ལོར་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་སོ་སོར་རྩྭ་ས་གཞུང་བཞེས་གཏོང་རྒྱུའི་སྐོར་གྱི་དྲིལ་བསྒྲགས་དང་ཚོགས་འདུ་རིམ་པར་ཚོགས་ཏེ་རྩྭ་སའི་བདག་དབང་སྐོར་ཀྱི་ལམ་སྟོན་དང་རྩྭ་ས་བཀོལ་སྤྱོད་ཀྱི་བདག་དབང་འཛིན་ཡིག་ཟེར་བའི་ཤོག་གྲངས་༡༧་ཅན་གྱི་ལག་དེབ་དམར་པོ་ཞིག་ཀྱང་འགྲེམ་སྤེལ་བྱས་ཏེ་ལག་དེབ་ནང་དུ་རྩྭ་ས་ནི་རྒྱལ་ཁབ་ལ་དབང་བར་བརྟེན། རྒྱལ་ཁབ་ལ་ག་དུས་དགོས་མཁོ་ཡོད་ན་དེ་དུས་རྒྱལ་ཁབ་ཀྱིས་གཞུང་བཞེས་གཏང་ཆོག་གི་ལུགས་འཁོད། རྒྱ་ནག་གཞུང་གིས་༢༠༡༡་ཡས་མས་ནས་བཙན་དབང་གིས་བོད་ནང་གི་འབྲོག་པ་གྲོང་རྡལ་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་འོག་མི་རབས་ནས་མི་རབས་བར་འབྲོག་ལས་ལ་བརྟེན་ནས་འཚོ་བར་རོལ་མཁན་གྱི་འབྲོག་པའི་རྩྭ་ས་གཞུང་བཞེས་བཏང་སྟེ་འབྲོག་པ་རྣམས་གྲོང་རྡལ་དུ་གནས་སྤོར་བཅུག འབྲོག་པ་གྲོང་རྡལ་དུ་སྤོས་རྗེས་གྲོང་རྡལ་དུ་འཚོ་བ་སྐྱེལ་བའི་ལས་རིགས་དང་ཉམས་མྱོང་གང་ཡང་མེད་སྟབས་འབྲོག་པ་རྒན་པ་རྣམས་རྒྱ་ལམ་དང་སྲང་ལམ་དུ་གད་སྙིགས་འཕྱག་པ་དང་གད་སྙིགས་སྐྱེལ་འདྲེན་གྱི་ལས་སུ་ཞུགས། ན་གཞོན་ཚོར་ལམ་བཟོའི་ལས་ཀ་དང་ཨར་ལས་སོགས་ཀྱི་ལས་རིགས་མ་གཏོགས་རག་གི་མེད་སྟབས་ཉིན་རེའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་ཚུལ་རིམ་ཞིག་ཐོན་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG