ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་ངོ་རྒོལ།


༄༅།། ཕྱི་ཟླ་༡་པོའི་ཚེས་༤་ཉིན་འཛམ་གླིང་ཡོངས་སུ་དུས་གཅིག་ཏུ་པེ་ཅིང་ལ་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་རྒྱུར་ཟླ་བ་གཅིག་ལས་མེད་པའི་མཚམས་འདིར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་ལྟར་བཞུགས་སྒར་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་རྒྱལ་སྤྱིའི་ལས་འགུལ་ཉིན་མོར་བསྟུན་ནས་རྡ་རམ་ས་ལར་ལས་འགུལ་སྤེལ་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པ་རྣམས་གཏམ་བརྗོད་འཁྲབ་སྟོན་གྱི་ལམ་ནས་གསལ་སྟོན་བྱས་འདུག

རྒྱ་གར་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལ་རྒྱལ་ཁབ་ཁག་ཅིག་གིས་གཞུང་འབྲེལ་མི་སྣ་ཁག་རྩེད་འགྲན་དེའི་སྒོ་འབྱེད་མཛད་སྒོ་སོགས་ལ་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པའི་མཚོན་དོན་ཅི་ཡིན་ལ་བཅར་འདྲི་ཞུས། ཁོང་གིས་ཨ་རི་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་གཞུང་འབྲེལ་མི་སྣ་ཁག་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་སོགས་ལ་མཉམ་ཞུགས་བྱེད་ཀྱི་མེད་པར་རྒྱལ་ཁབ་གཞན་གྱིས་མིག་དཔེ་ལྟ་ས་ཞིག་ཏུ་གྱུར་ཡོད་པར་མ་ཟད། རྒྱ་ནག་གཞུང་ལ་གནོན་ཤུགས་ཐེབས་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གསར་འགོད་གསལ་བསྒྲགས་ནང་དུ་ཨ་རི་དང་ལི་ཐུ་ཝྭེ་ཎི་ཡ། ནེའུ་ཛི་ལན་ཌི་དང་ཨོ་གླིང་རྒྱལ་ཁབ། དབྱིན་ཇི་དང་ཁེ་ན་ཌ། ཀོ་སོ་ཝྭོ་བཅས་རྒྱལ་ཁབ་ཁག་གིས་གཞུང་འབྲེལ་གྱི་མི་སྣ་རྣམས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་མིན་པའི་གནས་ཚུལ་འཁོད། རྒྱ་གར་ནི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པས་གནས་སྐབས་ཀྱི་ཁེ་ཕན་ལ་མ་གཟིགས་པར་པེ་ཅིང་གི་རྩེད་འགྲན་དེར་གཞུང་འབྲེལ་སྐུ་ཚབ་གཏོང་མི་ཉན། རྒྱ་གར་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཏུ་དྲང་བདེན་གྱི་ཕྱོགས་སུ་ལངས་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་བསྟན་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཞེས་དགོས་འདུན་བཏོན་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG