ངོ་འཕྲད་བདེ་བའི་དྲ་འབྲེལ།

རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།

  • ༢༠༡༡ རེས་གཟའ་ཟླ་བ།

རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ།

ཁམས་དཀར་མཛེས་ས་ཁུལ་གྱི་དགེ་འདུན་པ་ཞིག་གིས་ས་སྣུམ་འཐུང་སྟེ་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད། ཁམས་དཀར་མཛེས་ཀྱི་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་བཅོ་ལྔ་སྟེ་གཟའ་ཟླ་བའི་ཉིན་རྟའུ་རྫོང་གི་ལས་ཁུངས་མདུན་དུ་སྐད་འབོད་དང་བཅས་རང་ལུས་མེར་བསྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད།

གྲྭ་ཚེ་དབང་ནོར་བུ་ལགས་སམ་ནམ་རྒྱུན་ནོེར་ཁོ་ཞེས་འབོད་པའི་ལོ་ན་༢༩་ལ་སོན་པའི་དགེ་འདུན་པ་ཁོང་གིས་རང་ལུས་མེར་བསྲེག་གཏོང་ཁར་བོད་ལ་རང་དབང་དགོས། ང་ཚོར་མཐོང་ཆུང་གཏོང་གིན་འདུག་ཟེར་བ་སོགས་འཁོད་ཡོད་པའི་ཡིག་ཆ་མང་དུ་བཀྲམས་པ་དང་། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་སོགས་ཀྱི་སྐད་འབོད་བྱས་ཡོད།།

རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ཁང་གིས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ལྷོ་ནུབ་ཞིང་ཆེན་སི་ཁྲོན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་དཔོན་རིགས་ཀྱི་གསུང་ལུང་འདྲེན་སྒོས་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བཀོད་དེ། རྒྱུ་མཚན་དང་རྒྱབ་ལྗོངས་སོགས་གང་ཡང་གསལ་བཤད་བྱས་མེད།།

རྟའུ་ས་ཁུལ་གྱི་མང་ཚོགས་ཀྱིས་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། ནོར་ཁོ་ལགས་ཀྱི་བེམ་པོ་ནི་དེ་མ་ཐག་ཏུ་སེར་སྐྱ་མང་པོས་ཁ་བཏགས་སེར་པོས་དཀྲིས་ཏེ་དགོན་པའི་ནང་དུ་གདན་འདྲེན་བྱས་པ་དང་། རྒྱ་ནག་གི་དམག་མི་སྟོང་ཕྲག་མང་པོས་འཕྲལ་དུ་དགོན་པའི་མཐའ་བསྐོར་ནས། ནོར་ཁོ་དམ་པ་ལགས་ཀྱི་བེམ་པོ་རྩིས་སྤྲོད་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་ཟེར།།

གྲྭ་ཚེ་དབང་ནོར་བུ་ལགས་ནི་ཉ་མཚོ་དགོན་པའི་ནང་སློབ་གཉེར་བྱས་ཏེ་ལོ་བཅུ་ལྷག་ཕྱིན་ཡོད་པ་དང་། ཁོང་གི་ཕ་མིང་ལ་ཚོགས་ལེགས་དང་། མ་མིང་ལ་ཤོག་ལེགས་ཞེས་འབོད་པ་རེད།།

ད་ནི་ཉེ་འཁོར་གྱི་བོད་པ་མང་པོ་ཉ་མཚོ་དགོན་པའི་ཕྱོགས་སུ་འདུ་འཛོམས་བྱེད་བཞིན་པ་དང་། དེ་བཞིན་དུ་རྒྱ་ནག་གི་དྲག་ཆས་སྤྲས་པའི་མི་སྣ་མང་པོའང་དགོན་པའི་ཕྱོགས་སུ་འདུ་འཛོམས་བྱེད་བཞིན་པས། ས་གནས་མི་མང་ལ་དྲག་གནོན་བྱེད་སྲིད་པའི་སེམས་འཚབ་དང་ཉེན་ཁ་ཆེན་པོ་ཞིག་ལ་འཕྲད་ཡོད།།

ད་ལོའི་ཕྱི་ཟླ་དྲུག་པའི་ནང་ནས་བཟུང་ཁམས་དཀར་མཛེས་ས་ཁུལ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཆད་མེད་དུ་བྱུང་ཡོད་པ་དང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་ཁམས་ཕྱོགས་སུ་དམ་དྲགས་ཡོད་མེད་ལ་མ་ལྟོས་པར་རྣམ་པ་འདྲ་མིན་གྱི་ངང་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་རེད།།

ཕྱི་ལོ་༢༠༠༨་ཀྱི་ལོར་བོད་ཆོལ་ཁ་གསུམ་དུ་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་སུ་བོད་མི་རྣམས་ཀྱིས་ལོ་ལྟར་ས་གནས་ཀྱི་ཞི་རྒོལ་ཆེན་མོའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་དང་། ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༦་ཉིན་མདོ་སྨད་རྔ་བ་ཀིརྟི་དགོན་དུ་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་གྲོངས་པ་རེད།

XS
SM
MD
LG