ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གྱི་དམག་དཔུང་བཀོད་འདོམས་པར་སྲོག་སྐྱོན་བྱུང་བར་ཐུགས་གསོ།


༄༅།། ཁ་སང་ཕྱི་ཟླ་༡༢་པའི་ཚེས་༨་ཉིན་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་བྷི་པིན་ར་ཝ་ཏ་དང་བཟའ་ཟླ་མ་དྷུ་ལི་ཀ་ར་ཝ་ཏ། དེ་བཞིན་རྒྱ་གར་གྱི་མཐོ་རིམ་དམག་དཔོན་ཁག་ཅིག་དང་སྐུ་བཅར་བ་བཅས་ཁྱོན་བསྡོམས་མི་༡༤་ཁྱེར་བའི་ཐད་འཕུར་གནམ་གྲུ་དེ་བརྡབ་སྐྱོན་བྱུང་ནས་དམག་སྤྱི་ར་ཝ་ཏ་གཏན་ཞལ་གཉིས་ཚུད་པའི་མི་༡༣་ལ་སྲོག་སྐྱོན་བྱུང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཅིང་། དེ་རིང་ཕྱི་ཚེས་༩་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་སྲིད་སྐྱོང་སྤེན་པ་ཚེ་རིང་རྣམ་གཉིས་ཀྱིས་དམག་སྤྱི་དམ་པ་དེའི་ཤུལ་ལུས་བཟའ་མི་ཚོར་ཐུགས་གསོ་གནང་ཡོད་པའི་གནས་ཚུལ་ཐོན་འདུག དགའ་ལྡན་ཕོ་བྲང་གི་དྲུང་ཆེན་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་གྱིས་༧གོང་ས་མཆོག་ནས་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམ་པ་དེར་ཐུགས་སྨོན་འཚམས་སྦྱོར་དང་ཤུལ་ལུས་བཟའ་མི་ཚོར་ཐུགས་གསོའི་ཕྱག་བྲིས་ཤིག་གནང་སོང་ཞེས་འགྲེལ་བརྗོད་གནང་འདུག

རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་བྷི་པིན་ར་ཝ་ཏ་གློ་བུར་དུ་སྐུ་ཚེ་མ་ཟིན་པ་དེར་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་མོ་དྷིས་གཙོས་སྲིད་དོན་པ་དང་རྒྱལ་སྤྱིའི་དབུ་ཁྲིད་མང་པོས་ཊོས་ཊར་དྲྭ་ལམ་དུ་ཐུགས་ཕམ་དང་རྗེས་ཤུལ་ཚོར་ཐུགས་གསོའི་འཕྲིན་ཐུང་སྤེལ་གྱི་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཀྱང་ཊོས་ཊར་དྲྭ་ལམ་དུ་འཛམ་གླིང་གི་ས་ཕྱོགས་གང་སར་གནས་འཁོད་བོད་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི་འཕྲིན་ཐུང་ཞིག་སྤེལ་འདུག

༢༠༢༠་ལོ་ནས་དམག་སྤྱི་ར་ཝ་ཏས་རྒྱ་གར་གྱི་སྐམ་མཚོ་གནམ་གསུམ་གྱི་དམག་སྡེ་ཡོངས་ཀྱི་སྤྱི་ཁྱབ་བཀོད་འདོམས་པའི་ལས་འགན་བཞེས། ཁོང་ནི་རྒྱ་གར་གྱི་སྐམ་དམག་དང་མཚོ་དམག གནམ་དམག་བཅས་དམག་སྡེ་ཡོངས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་ཐོག་མ་དེ་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་རྒྱ་གར་གྱི་དམག་སྤྱི་དམ་པ་ར་ཝ་ཏ་རྟག་ཏུ་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་རེད། ཁོང་ལྟ་བུའི་དབུ་ཁྲིད་ཅིག་གི་སྐུ་སྲོག་ཤོར་བ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག

དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམ་པ་དེའི་སྐུ་ཕུང་རྒྱ་གར་ལྷོ་ཕྱོགས་ཀྱི་ཏ་མིལ་ན་རྡུ་མངའ་སྡེ་ནས་རྒྱལ་ས་ལྡི་ལིར་གདན་འདྲེན་ཞུས་ཏེ་ཕྱི་དྲོའི་ཆུ་ཚོད་བཞི་པར་གཞུང་འབྲེལ་གྱི་མྱ་ངན་མཛད་སྒོ་ཞིག་ཚོགས་ཡོད་པར་མ་ཟད། སང་ཉིན་སྐུ་ཕུང་ཞུགས་འབུལ་གནང་གཏན་ཁེལ་འདུག་པ་བཅས་ཀྱི་སྐོར།

XS
SM
MD
LG