ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་སྙིང་ནད་ཚོགས་པས་མང་ཚོགས་ལ་སྨན་ཁབ་རོགས་རམ།


༄༅།། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་བོད་ཀྱི་སྙིང་ནད་ཚོགས་པས་འདི་ལོ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་མང་ཚོགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཐབས་འཚོལ་རོགས་རམ་གནང་སྟེ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅིང་། བོད་ཀྱི་སྙིང་ནད་ཚོགས་པའི་འགན་འཛིན་སྨན་ཞབས་པ་བསྟན་འཛིན་ཆོས་དབྱིངས་ཀྱིས་གསུངས་དོན་ལྟར་ན། ད་ལོ་མོན་གྷོ་གཞིས་ཆགས་སུ་རྒྱ་གར་གཞུང་གིས་སྔོན་འགོག་སྨན་ཁབ་རིན་མེད་དུ་སྤྲོད་ཀྱི་ཡོད་པ་འཐོབ་རྒྱུ་དེར་དཀའ་ངལ་ཕྲད་ནས་བློ་གསལ་གླིང་གྲྭ་ཚང་གི་འཕྲོད་བསྟེན་འགན་འཛིན་དང་ས་གནས་གཞིས་འགོ་མོན་གྷོ་འཕྲོད་བསྟེན་སྨན་ཁང་བཅས་ཀྱིས་སྨན་ཁབ་ཉོ་སྒྲུབ་ཀྱི་རོགས་རམ་བྱེད་དགོས་པའི་རེ་སྐུལ་ཞུས་པ་ལྟར་གུས་མོ་འབྲེལ་ཡོད་སྨན་ཁང་ཁག་ལ་ཆེད་སྐྱོད་ཀྱིས་ཐབས་འཚོལ་བྱས་ནས་སྨན་ཁབ་༥༠༠༠་མཁོ་སྒྲུབ་ཐུབ་སོང་ཞེས་འགྲེལ་བརྗོད་གནང་འདུག

བོད་ཀྱི་སྙིང་ནད་ཚོགས་པས་མེ་སོར་གྲོང་ཁྱེར་གྱི་ཀོ་ལིམ་བྷི་ཡ་ཨེ་ཤི་ཡའི་སྨན་ཁང་ནས་རྒྱ་གར་གྱི་ཆེད་ལས་སྨན་པ་བདུན་གདན་འདྲེན་གྱིས་ཕྱི་ཟླ་༡༠་ཚེས་༢༠་ནས་༢༢་བར་དུ་ཉིན་གསུམ་ལ་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་མིང་མང་མཉམ་འབྲེལ་ཚོགས་ཁང་དུ་སྦེལ་ཀོབ་གཞིས་ཆགས་ཀྱི་མང་ཚོགས་ལ་སྙིང་དང་ཕོ་བ།ཁལ་མ་དང་མཆིན་པ། མིག་དང་རྣ་བ། སྣ་དང་མིད་པ། རུས་པ་བཅས་ལ་རིན་མེད་དུ་བརྟག་དཔྱད་བྱེད་བཞིན་འདུག ལས་གཞི་འདིར་ས་གནས་གཞིས་འགོ་དང་གཞོན་ནུ། བུད་མེད་ལྷན་ཚོགས་སོགས་ཀྱིས་མཐུན་གྱུར་རོགས་རམ་གནང་གི་ཡོད་པ་དང་དེའི་སྔོན་དེར་མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་མང་ཚོགས་ལ་བརྟག་དཔྱད་ཀྱི་ལས་གཞི་སྤེལ་ཞིང་། སྦེལ་ཀོབ་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་ལ་བརྟག་དཔྱད་གྲུབ་པའི་གཞུག་ཏུ་ཀོ་ལི་གྷལ་དང་ཧུན་སུར་གཞིས་ཆགས་སུ་བསྐྱོད་འཆར་ཡོད་པ་རེད།།

དེང་སྐབས་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཛ་དྲག་ཆེ་ཤོས་ནི་སྙིང་གི་ནད་གཞི་ཡིན་པ་སྟེ། སྙིང་རྩ་འགགས་ནས་མི་མང་པོ་ཞིག་གློ་བུར་དུ་འདས་གྲོངས་སུ་འགྱུར་གྱི་ཡོད་ཀྱང་སྙིང་ནད་ཀྱི་ཚོགས་པ་ཞིག་ད་ལྟའི་བར་དུ་བྱུང་མེད་ཅིང་། རིན་མེད་དུ་ནད་གཞི་བརྟག་དཔྱད་ཀྱི་ལས་གཞི་འདིས་དཀའ་ངལ་ཡོད་མཁན་མང་ཚོགས་ལ་བོད་ཀྱི་སྙིང་ནད་ཚོགས་པ་དེ་ངོ་སྤྲོད་ཡོང་བའི་རེ་བ་བྱེད་ཀྱི་འདུག་པར་མ་ཟད། སྒེར་པ་ཚོ་སྨན་ཁང་ལ་བརྟག་དཔྱད་བྱེད་དུ་བསྐྱོད་ཀྱང་སྨན་པ་བསྟན་ནས་བརྟག་དཔྱད་བྱས་གླ་ཉུང་མཐར་ཧིན་སྒོར་༡༥༠༠་ལྷག་སྤྲོད་དགོས་པ་སོགས་ཀྱི་འགྲོ་གྲོན་ཆེན་པོ་ཡིན་འདུག བོད་ཀྱི་སྙིང་ནད་ཚོགས་པ་ནི་མོན་གྷོ་གཞིས་ཆགས་སུ་སྨན་ཞབས་པ་བསྟན་འཛིན་ཆོས་དབྱིངས་ཀྱིས་༢༠༢༡་ལོའི་ཕྱི་ཟླ་༣་ཚེས་༥་ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་བཙུགས་ཏེ་མང་ཚོགས་ལ་རིན་པ་མི་ལེན་པར་སྙིང་གི་ན་ཚ་བརྟག་དཔྱད་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG