ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་ནང་སླར་ཡང་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག


རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ས་ཁུལ་ཨ་མདོ་གཙོས་དང་ཉེ་བའི་རྡོ་དཀར་དགོན་པའི་ཉེ་འགྲམ་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག་པ་དང་། དེ་ནི་ད་བར་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་ ༥༤ པ་དེ་ཡིན་པ་རེད། བོད་ནང་གནས་ཚུལ་བྱུང་ཁུངས་བརྒྱུད་འདི་ག་ཨ་རི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན་རེས་གཟའ་སྤེན་པའི་བོད་ཀྱི་ཉིན་དགུང་ཚོུད་བཅུ་གཉིས་ཙམ་ལ་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་བྱུང་འདུག་པ་དང་། གནས་ཚུལ་བྱུང་ཁུངས་ཀྱིས་བརྗོད་དོན་ལ་ ལོ་ན་ ༢༧ ཡིན་པ་ན་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་གི་ལུས་མེར་བསྲེག་གཏོང་སྐབས་༧གོང་ས་༧སྐྱབ་མགོན་ཆེན་པོ་མཆོག་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་བྱས་ཏེ་གྲོངས་ཡོད་པའི་འགྲེལ་བརྗོད་བྱས་འདུག་པ་དང་། ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་བྱས་ཏེ། དགེ་འདུན་པ་རྣམས་ཀྱིས་བསྔོ་སྨོན་རྒྱ་ཆེར་གནང་རྗེས། སྐུ་ཕུང་སྡེ་བར་གདན་དྲངས་ནས་མི་མང་གིས་མཆོད་འབུལ་བྱས་ཡོད་པའི་གནས་ཚུལ་འགྲེལ་བརྗོད་བྱས་འདུག

སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཕ་མིང་ལ་མགོན་པོ་དོན་འགྲུབ་དང་མ་མིང་ལ་མགོན་པོ་འཚོ་ཡིན་འདུག་པ་དང་། ཁོང་ལ་ཤུལ་ལུས་རང་གི་གཟའ་ཟླ་རྡོ་རྗེ་སྐྱིད་དང་བུ་ཕྲུག་གཉིས་ཡོད་པ་དང་། རྒན་པ་བུའི་མིང་ལ་རྡོ་རྗེ་དོན་འགྲུབ་དང་ལོ་བདུན་ཡིན་འདུག་ཅིང་། ཆུང་བ་བུ་མོའི་མིང་ལ་བསྟན་འཛིན་འཚོ་དང་རང་ལོ་ལྔ་ཡིན་འདུག རྒྱུན་དུ་ཚོང་ལས་རྩག་རྩིག་བྱེད་པ་དང་། དམའ་རིམ་སློབ་སྦྱོང་བྱེད་མྱོང་ཙམ་ལས་མཐོ་རིམ་སློབ་སྦྱོང་སོགས་གང་ཡང་མེད་པའི་འགྲེལ་བརྗོད་བྱས་འདུག

ད་ལམ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བ་དེ་ནི་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་དྷ་རམ་ས་ལར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་བཙན་བྱོལ་བོད་མི་ཚོས་གདོང་ལེན་བྱེད་ཕྱོགས་སྐོར་གྲོས་བསྡུར་ཆེད་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཚོགས་རྗེས་རང་ལུས་མེར་བསྲེགས་གཏོང་མཁན་གསུམ་པ་དེ་ཡིན་པ་དང་། འདས་པའི་ཉིན་གསུམ་ནང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་པ་གཉིས་པ་དེ་ཡིན་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG