ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༨/༠༩

བོད་པའི་དམངས་གཙོ་དར་སྤེལ་དང་གསར་འགྱུར་གྱི་འོས་འགན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་པའི་དམངས་གཙོ་དར་སྤེལ་དང་གསར་འགྱུར་གྱི་འོས་འགན།

༄༅།། དེ་རིང་ཕྱི་ཟླ་༥་པའི་ཚེས་༣་ཉིན་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོར་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག་བོད་པའི་དམངས་གཙོ་དར་སྤེལ་དང་གསར་འགྱུར་བརྒྱུད་ལམ་ཁག་གི་འོས་འགན་ཞེས་བགྲོ་གླེང་ཚོགས། དམངས་གཙོའི་སྤྱི་ཚོགས་སུ་གསར་འགོད་གལ་ཆེན་པོ་ཡིན་པ་ཇི་བཞིན་གསར་འགོད་རང་དབང་ཡང་ཧ་ཅང་གི་གལ་གནད་ཆེན་པོ་རེད། བོད་པའི་སྤྱི་ཚོགས་སུ་དམངས་གཙོ་དར་སྤེལ་གཏོང་བར་གསར་འགྱུར་བརྒྱུད་ལམ་གལ་ཆེན་པོ་རེད་ཅེས་གསལ་སྟོན་བྱུང་ཞིང་། ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་གསར་འགྱུར་གང་དང་གང་ཡིན་རུང་སྤྱི་ཚོགས་སུ་མ་སྤེལ་གོང་དུ་གསར་འགོད་པས་འགན་འཁྲི་བླངས་ཏེ་ཁུངས་ལྡན་གྱི་གནས་ཚུལ་འགོད་རྒྱུ་གནད་འགག་ཡིན་པར་མ་ཟད་། ཡུལ་ཁྲིམས་དང་མ་འགལ་བར་གནས་ཚུལ་སྤེལ་དགོས་ཞེས་གཏམ་བཤད་བྱས་འདུག

བོད་མི་མང་སྤྱི་འཐུས་དང་བོད་ཀྱི་བརྡ་འཕྲིན་ཆེད་ལས་པ་སྲི་ཐར་བློ་བཟང་རྒྱ་མཚོ། བོད་མི་མང་སྤྱི་འཐུས་དང་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་པདྨ་མཚོ་གཉིས་ཀྱིས་བོད་པ་ཚང་མར་རང་བཞིན་གྱིས་འཐབ་རྩོད་ལས་འགན་རེ་ཡོད་པ་ལྟར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་འཛུགས་དགོས་དོན་ཡང་བོད་དོན་འཐབ་རྩོད་ཆེད་དུ་རེད་ཅེས་བསྟན། ད་རེས་ཀྱི་བགྲོ་གླེང་དེར་བོད་ཀྱི་ཐེབས་རྩའི་ལས་འཆར་འགན་འཛིན་གཞོན་པ་ཤེས་རབ་འོད་ཟེར་རང་དབང་ལྡན་པའི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད། རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་བཅས་མཉམ་བཞུགས་གནང་འདུག

སྤྱིར་གསར་འགོད་ལས་རིགས་ནི་དམངས་གཙོའི་ཀ་བ་བཞི་པ་ལྟ་བུར་བརྩི་སྲོལ་ཡོད་ཅིང་། གསར་འགོད་པས་རང་གི་ཚེ་སྲོག་ལ་མ་འཛེམ་པར་གནད་དོན་གང་ཞིག་དང་རྙོག་གླེང་གང་ཞིག་གི་དངོས་ཡོད་གནས་ཚུལ་རྣམས་གསལ་སྟོན་བྱེད་ཀྱི་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ལྷན་ཚོགས་ནས་གསར་འགོད་པའི་རང་དབང་སྲུང་སྐྱོབ་བྱེད་དགོས་པ་གལ་ཆེར་གཟིགས་ཏེ་༡༩༩༣་ལོའི་ཟླ་༥་པའི་ཚེས་༣་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོར་གཏན་ལ་ཕབ། དེའི་དམིགས་ཡུལ་ཡང་རྒྱ་ནག་དང་བྱང་ཀོ་རི་ཡ་སོགས་རྒྱལ་ཁབ་ཁག་ཅིག་ལ་གསར་འགོད་རང་དབང་མེད་པ་རང་དབང་ཐོབ་ཐབས་སུ་དམིགས་པ་ཞིག་ཡིན་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG