ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱ་འཆར།


༄༅།། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ཨུ་རུ་སུའི་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱི་བདེ་འཇགས་ལ་ཉེན་ཁ་གསར་པ་ཞིག་འཕྲད། ཕྱི་ཟླ་༥་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིའི་ཚེས་༡༢་ཉིན་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། ཧྥིན་ལན་ཌིའི་ཐག་གཅོད་དེ་རིམ་པ་གཉིས་ཀྱི་སྒོ་ནས་བྱེད་ཀྱི་ཡོད་པ་སྟེ། ཐོག་མར་ཧྥིན་ལན་ཌིའི་སྲིད་འཛིན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཆོག་མཆན་བཀོད་པ་ཡིན་ཞེས་གསལ་བསྒྲགས་སྤེལ་རྒྱུ། དེའི་རྗེས་སུ་གྲོས་ཚོགས་ཀྱི་ཚོགས་པ་ཁག་གིས་ཧྥིན་ལན་ཌི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཆོག་མཆན་འགོད་རྒྱུ། ཧྥིན་ལན་ཌིའི་རྩ་ཁྲིམས་སུ་སྲིད་འཛིན་གྱིས་སྲིད་གཞུང་ལ་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་ཕྱི་སྲིད་དང་བདེ་འཇགས་སྲུང་སྐྱོབ་ཀྱི་གཙོ་འགན་བཞེས་དགོས་ཞེས་འཁོད། སྲིད་འཛིན་དང་གྲོས་ཚོགས་ཀྱི་གསལ་བསྒྲགས་རྗེས་སུ་སྲིད་འཛིན་དང་གཞུང་གི་གནད་ཡོད་བློན་ཆེན་ཁག་གིས་ཐག་གཅོད་དེར་ངེས་གཏན་བྱ་རྒྱུ། ཧྥིན་ལན་ཌི་དང་ཨུ་རུ་སུ་གཉིས་སྤྱི་ལེ་༡༣༠༠་ཐམ་པའི་ས་མཚམས་འདྲེས། ༡༩༣༩་ནས་༤༠་ཐམ་པ་དང་༤༡་ནས་༤༥་བཅས་སྔ་རྗེས་ཐེངས་གཉིས་ལ་ཨུ་རུ་སུའི་དམར་དམག་ས་ཡ་གཅིག་ཡས་མས་ཤིག་གིས་ཧྥིན་ལན་ཌིར་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས། མཐར་ཧྥིན་ལན་ཌིའི་ས་ཆ་བརྒྱ་ཆ་༡༠་ཨུ་རུ་སུ་དམར་ཤོག་ལ་སྤྲད་ནས་ཧྥིན་ལན་ཌིས་ཕྱོགས་སྒྲིག་སྤངས་པའི་བར་གནས་ཀྱི་ལངས་ཕྱོགས་འཛིན་དགོས་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཉེ་ཆར་ཨུ་རུ་སུའི་གཞུང་གིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཚེ། ཧྥིན་ལན་ཌི་དང་སུད་ཌེན་གྱི་ས་མཚམས་ཁག་ཏུ་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་འཛུགས་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

གཟའ་ཉི་མའི་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སུད་ཌེན་གྱི་སྲིད་བློན་ཨན་ཌར་སན་གྱིས་གཞུང་འཛིན་ཚོགས་པའི་འཐུས་མི་ཚོར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་བདེ་འཇགས་ལ་འགན་ལེན་གྱི་རེད། གལ་སྲིད་སུད་ཌེན་ལ་བཙན་འཛུལ་བྱུང་བའི་དབང་དུ་བཏང་རུང་ང་ཚོར་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་འཐོབ་རྒྱུ་དང་བདེ་འཇགས་ལ་ཉེན་ཁ་མི་འདུག སུད་ཌེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་པའི་རྗེས་སུ་བྷོལ་ཊིཀ་རྒྱ་མཚོའི་མངའ་ཁུལ་དུ་བདེ་འཇགས་སྲུང་སྐྱོབ་ལ་དམིགས་བསལ་གྱི་ལས་འགན་ཞིག་འཁུར་ཐུབ་ཅེས་གཏམ་བཤད་བྱས་ཤིང་། སྲིད་བློན་ཨན་ཌར་སན་ལ་སུད་ཌེན་གྱི་ས་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་རྡུལ་ཕྲན་མཚོན་ཆ་འཛུགས་རྒྱུ་ཡིན་ནམ་ཞེས་དྲིས། ཁོང་གིས་ནོར་ཝེ་སྤྱི་ཚོགས་དམངས་གཙོའི་རྒྱལ་ཁབ་ནི་སྔ་མོ་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་རེད། ནོར་ཝེས་རྒྱལ་སྤྱིའི་འཁྲུག་རྩོད་ཁག་ལ་བར་འདུམ་དང་མཚོན་ཆ་བཀག་སྡོམ་གྱི་ལས་དོན་གང་ལེགས་སྒྲུབ་ཐུབ་ཀྱི་འདུག་ཅེས་ལན་བཏབ། སྲིད་བློན་ཨན་ཌར་སན་གྱི་གཞུང་འཛིན་སྤྱི་ཚོགས་དམངས་གཙོ་ཚོགས་པས་ནང་གྲོས་བྱས་ནས་ཐག་གཅོད་བྱས་པའི་ཕྱི་ཉིན་ཏེ། ཕྱི་ཟླ་༥་པའི་ཚེས་༡༣་ཉིན་སུད་ཌེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་པའི་སྒྲུབ་བྱེད་ཡིག་ཆ་རྒྱབ་ཤོག་དཀར་པོ་ཤིག་འགྲེམ་སྤེལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱལ་སྲུང་གསར་འགྱུར་ལས་ཁང་གིས་སུད་ཌེན་བ་བརྒྱ་ཆ་༥༧་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་ཧྥིན་ལན་ཌིའི་མི་མང་བརྒྱ་ཆ་༦༥་ལྷག་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་པའི་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ།།

རྒྱལ་སྲུང་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཧྥིན་ལན་ཌི་དང་སུད་ཌེན་གྱི་མཐོ་རིམ་འགོ་ཁྲིད་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོར་ཐུག་འཕྲད་ལན་མང་བྱས་ནས་སྔོན་འགྲོའི་གྲོས་མོལ་རྣམས་ནང་མོལ་གྱི་ཚུལ་དུ་བྱས་ཟིན་ཡོད་པར་མ་ཟད། ཕྱི་ཟླ་༥་པའི་ཚེས་༡༦་ཉིན་ཧྥིན་ལན་ཌི་དང་སུད་ཌེན་གཉིས་མཉམ་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་གསལ་བསྒྲགས་སྤེལ་རྒྱུའི་རྟགས་མཚན་འདུག ཕྱི་ཟླ་༥་པའི་ཚེས་༣་ཉིན་ཧྥིན་ལན་ཌི་དང་སུད་ཌེན་གྱི་སྲིད་བློན་གཉིས་འཇར་མན་ཎིའི་རྒྱལ་ས་བྷར་ལིན་གྱི་ཉེ་འཁོར་དུ་སྲིད་བློན་ཨོ་ལཱབ་ཤོལ་ཛི་ལ་ཐུག་འཕྲད་བྱས་ནས་ཧྥིན་སུད་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་མཉམ་དུ་ཞུགས་རྒྱུའི་གྲོས་མོལ་བྱུང་། ཕྱི་ཟླ་༤་པའི་ཚེས་༢༩་ཉིན་ཧྥིན་ལན་ཌི་དང་སུད་ཌེན་གྱི་ཕྱི་སྲིད་བློན་ཆེན་གཉིས་རྒྱལ་ས་ཧལ་སིན་ཀིར་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་དེར་ཧྥིན་སུད་གཉིས་མཉམ་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་ནི་ཧྥིན་ལན་ཌིའི་མངོན་འདོད་ཡིན་ཞེས་བསྒྲགས། ཧྥིན་ལན་ཌིའི་སྲིད་འཛིན་ཁྱིམ་མཚེས་རྒྱལ་ཁབ་སུད་ཌེན་ལ་ཉི་མ་གཉིས་ཀྱི་འཚམས་འདྲིར་ཕེབས་ནས་ཕྱི་ཟླ་༥་པའི་ཚེས་༡༨་ཉིན་འཚམས་འདྲི་མཇུག་སྒྲིལ་རྒྱུ། འཚམས་འདྲི་དེའི་སྐབས་སུ་མ་འོངས་པར་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་ཇི་ལྟར་བྱེད་དགོས་མིན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཧྥིན་སུད་གཉིས་ཀས་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་ཇི་ལྟར་འཛིན་དགོས་མིན་སོགས་ལ་གྲོས་མོལ་ཞིབ་ཕྲ་བྱ་རྒྱུ་རེད་ཅེས་གླེང་། སུད་ཌེན་གྱི་ཕྱོགས་འགལ་ཚོགས་པས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་དགོས་མིན་མང་མོས་འོས་འདེམས་བྱས་ནས་ཐག་གཅོད་བྱ་དགོས་ཞེས་དགོས་འདུན་བཏོན་པར་སྲིད་བློན་ཨན་ཌར་སན་གྱི་གཞུང་འཛིན་ཚོགས་པས་མོས་མཐུན་མེད་ཅེས་དགག་པ་བརྒྱབ་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༢༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊན་བྷག་གིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱུང་སྟེ་སྙན་ཞུ་འབྱོར་ཚེ། ང་ཚོས་སྙན་ཞུ་དེར་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པས་འཕྲལ་དུ་མོས་མཐུན་དང་ཆོག་མཆན་མྱུར་དུ་འགོད་དགོས་པའི་སྐུལ་ལྕག་གཏོང་ཆོག ཧྥིན་སུད་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་ངོ་མ་ཞིག་ལ་མ་འགྱུར་གོང་གི་བར་བརྒལ་གྱི་དུས་སྐབས་དེའི་བདེ་འཇགས་སྲུང་སྐྱོབ་བཀོད་སྒྲིག་བྱེད་ཆོག ཡིན་ནའང་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་ཡིན་མིན་ནི་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱིས་ཐག་གཅོད་བྱ་དགོས། གལ་སྲིད་ཁོ་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུའི་ཐག་གཅོད་བྱེད་ན་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཧྥིན་སུད་གཉིས་སྒྲིག་འཛུགས་དེར་ཚུད་པར་དུས་ཡུན་ཅི་ཙམ་འགོར་རྒྱུ་ཡིན་མིན་གསལ་བཀྲོལ་མ་བྱས་མོད། འོན་ཀྱང་བར་བརྒལ་གྱི་དུས་སྐབས་དེར་ཨུ་རུ་སུའི་བཙན་འཛུལ་དང་འཇིགས་སྐུལ་བྱུང་ན་སྲུང་སྐྱོབ་བཀོད་སྒྲིག་བྱེད་ཐུབ་རྒྱུའི་གདེང་ཚོད་ཡོད་ཅེས་ཁས་བླངས། ཡུཀ་རེན་ཚོགས་འཐུས་རྒྱལ་ཁབ་ཅིག་མིན་པས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་དམག་དྲངས་ནས་ཡུཀ་རེན་ལ་སྲུང་སྐྱོབ་བྱ་ཐབས་བྲལ། ཡིན་ནའང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༨༠་ཐམ་པའི་དམག་དོན་འགྲོ་གྲོན་རོགས་རམ་སྤྲོད་རྒྱུའི་ཁས་ལེན་ཐོབ།།

ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་འཁྲུག་མ་བརྒྱབ་གོང་དུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་ནས་ཨུ་རུ་སུའི་སྒོ་རྩ་བར་དུ་སླེབས་ཀྱི་འདུག ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་འདུག་ཅེས་བཙན་འཛུལ་དམག་འཁྲུག་བསླངས ཕྱི་ཟླ་༥་པའི་ཚེས་༢་ཉིན་དཔལ་འབྱོར་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ནས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱིས་ཡུན་རིང་ཕྱོགས་སྒྲིག་སྤངས་ཏེ་བར་གནས་ཀྱི་ལངས་ཕྱོགས་བཟུང་བའི་དུས་སྐབས་དེ་མཇུག་བསྒྲིལ་རྒྱུ་རེད། ཡུ་རོབ་བྱང་ཕྱོགས་ཀྱི་རྒྱལ་ཁབ་དེ་དག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་པའི་རྗེས་སུ་ཨུ་རུ་སུར་འགལ་ཟླ་ཆེ་རུ་འགྲོ་ཤས་ཆེ། ད་ལྟའི་བར་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་དགེ་མཚན་ཆེ་ཞེས་སྐུལ་ལྕག་བཏང་རུང་སྒུལ་མ་ཚུགས། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་བཅོས་སྒྲིག་ཆེན་པོ་ཞིག་བྱ་དགོས་པར་གྱུར་པ་དང་ཧྥིན་སུད་གཉིས་ཀྱི་ལངས་ཕྱོགས་ལ་རྦད་དེ་འགྱུར་བ་ཐེབས། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཕུ་ཊིན་གྱིས་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀར་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱས་ནས་རྒྱལ་ཁབ་དེ་དག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་རྫོང་གི་འདུག་ཅེས་བཀྲལ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ནི་༡༩༤༩་ལོར་རྒྱལ་ཁབ་༡༢་ཀྱིས་གསར་དུ་བཙུགས། དམག་དོན་སྒྲིག་འཛུགས་དེའི་དམིགས་ཡུལ་ནི་ཨུ་རུ་སུ་དམར་ཤོག་གི་བཙན་འཛུལ་འགོག་རྒྱུ་དང་ཡུ་རོབ་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན་ཞིང་། རིམ་བཞིན་ཡུ་རོབ་རྒྱལ་ཁབ་གཞན་ཁག་ཀྱང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ནས་ཚོགས་འཐུས་རྒྱལ་༣༠་ཐམ་པར་གྱུར། ད་ལོ་ཧྥིན་སུད་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཚོགས་འཐུས་རྒྱལ་ཁབ་༣༢་ལ་འགྱུར་རྒྱུ་དང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་རྩ་འཛིན་དོན་ཚན་ལྔ་པ་ནི་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་བཙན་འཛུལ་དང་རྒོལ་རྡུལ་འཕོག་ན་ཚོགས་འཐུས་རྒྱལ་ཁབ་ཚང་མར་བཙན་འཛུལ་དང་གཏོར་རྒོལ་ཕོག་པ་དང་ཁྱད་པར་མེད་ཅེས་ཐུན་མོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་དོན་ཚན་ཞིག་རྩ་འཛིན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG