ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༠༦

བོད་ནང་གི་བོད་པ་རླངས་འཁོར་ཁ་ལོ་བ་ཚོར་དབྱེ་འབྱེད།


༄༅།། དེང་སྐབས་བོད་ནང་ལ་བོད་པ་རླངས་འཁོར་ཁ་ལོ་བ་ལས་རྒྱ་མི་རླངས་འཁོར་ཁ་ལོ་བ་ལྡབ་ཁ་ཤས་ཀྱིས་མང་བ་ཡོད་ཅིང་། རྒྱ་མི་ཚོའི་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་རྣམས་རྒྱ་ནག་གི་ས་གནས་ཁག་ནས་བླངས་པའི་ལག་འཁྱེར་ཡིན་པ་དང་བོད་པ་མང་ཆེ་བའི་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་ནི་བོད་ཀྱི་ས་གནས་ཁག་ནས་བླངས་པ་ཡིན་པས་འགྲིམ་འགྲུལ་སྐབས་སུ་བོད་པ་རླངས་འཁོར་ཁ་ལོ་བ་ཚོར་ཉེས་ཆད་ལྕི་མོ་གཅོད་པ་དང་ལག་འཁྱེར་ལ་དབྱེ་འབྱེད་ཆེན་པོ་བྱེད་ཀྱི་འདུག་ཅེས་མིང་བརྗོད་འདོད་མེད་པའི་བོད་ནང་གི་ས་གནས་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཁོང་གིས་བོད་པ་དང་རྒྱ་མི་རླངས་འཁོར་ཁ་ལོ་བ་ཚོར་དབྱེ་འབྱེད་ཆེན་པོ་བྱེད་ཀྱི་འདུག བོད་པ་ཁ་ལོ་བ་ཚོ་འགྲིམ་འགྲུལ་གྱི་ནོར་འཁྲུལ་ཆུང་ཆུང་བྱུང་ཡང་རྒྱ་སྒོར་༢༠༠་ནས་༣༠༠་ཡས་མས་རེ་ཉེས་ཆད་གཅོད་ཀྱི་ཡོད་པར་མ་ཟད། ཁ་ལོ་བའི་ལག་འཁྱེར་ནས་སྐར་གྲངས་བཅག་སྟེ་སློབ་སྦྱོང་ལ་གཏོང་བ་སོགས་ཀྱི་ཉེས་ཆད་འདྲ་མིན་ཞིག་གཅོད་ཀྱི་འདུག འོན་ཀྱང་རྒྱ་མི་རླངས་འཁོར་ཁ་ལོ་བ་ཚོར་ནོར་འཁྲུལ་བྱུང་ཡང་རྒྱ་སྒོར་༥༠་ཡས་མས་རེ་ཉེས་ཆད་བཅད་ནས་སྐར་གྲངས་གཅོག་ཀྱང་སློབ་སྦྱོང་ལ་འགྲོ་དགོས་པ་སོགས་ཀྱི་ཉེས་པ་འཕོག་གི་མི་འདུག བོད་པ་ཚོས་རླངས་འཁོར་ཉོས་ཏེ་ཁ་ལོ་བའི་ལག་འཁྱེར་ལེན་དགོས་ན་འགྲོ་ལུགས་མང་པོ་ཞིག་བརྒྱུད་དགོས་པ་དང་དུས་ཡུན་རིང་པོ་འགོར་བ། འགྲོ་སོང་མང་པོ་གཏོང་དགོས་ཀྱི་འདུག རྒྱ་ནག་ནང་ཁུལ་དུ་རླངས་འཁོར་གཏོང་སྟངས་སྦྱངས་ན་ལག་འཁྱེར་ལས་སླ་པོར་སྤྲད་ནས་དཀའ་ངལ་ཆུང་། དེང་སང་མི་མང་པོས་རྒྱ་ནག་ཏུ་རླངས་འཁོར་གཏོང་སྟངས་སྦྱངས་ཏེ་རྒྱུགས་སྤྲད་པའི་རྗེས་སུ་ལག་འཁྱེར་ལེན་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱ་གཞུང་གིས་བོད་པ་ཚོར་རླངས་འཁོར་ཁ་ལོ་བའི་ལག་འཁྱེར་སྤྲོད་སྟངས་སྟབས་བདེ་རུ་བཏང་ཡོད་ཅེས་བརྗོད་ཀྱི་ཡོད་ཀྱང་དོན་དངོས་སུ་འགྱུར་བ་ཆེན་པོ་ཞིག་ཕྱིན་མི་འདུག་ཅེས་བརྗོད་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། བོད་པ་ཁ་ལོ་བ་ཚོར་དཀའ་ངལ་དེ་མུ་མཐུད་དུ་འཕྲད་ཀྱི་ཡོད་པ་དང་ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་པ་ཧ་ཅང་གིས་གྲངས་ཉུང་དུ་གྱུར་ཡོད་པར་མ་ཟད། བོད་པ་རླངས་འཁོར་ཁ་ལོ་བ་ལས་རྒྱ་མི་རླངས་འཁོར་ཁ་ལོ་བ་ལྡབ་ལྔ་དྲུག་གིས་མང་བ་འདུག ད་ལྟ་པེ་ཅིང་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཡོད་པས་ལྷ་སའི་ཁུལ་དུ་དུས་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་ཁག་ཀྱང་གནས་སྐབས་རིང་སྤེལ་མི་ཆོག་པའི་ཐག་གཅོད་བྱས་སོང་། བདེ་འཇགས་ཉེན་རྟོག་པ་ཚོས་རྣམ་རྒྱུན་དང་མི་འདྲ་བར་ས་གནས་གང་སར་སྐོར་གཡེང་བྱེད་ཀྱི་ཡོད་པ་མཐོང་རྒྱུ་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG