ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྡོ་རྗེ་བཀྲ་ཤིས་ཀྱིས་ཚེ་བཙོན་ཁྲིམས་ཆད་ལ་ངོས་ལེན་མེད་ཟེར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་པ་ཚོང་པ་འབྱོར་ལྡན་དང་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ལ་རྒྱ་ནག་གཞུང་གིས་དངུལ་བུན་གཡོ་ལེན་གྱི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། ཁོང་གིས་རང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པར་ངོས་ལེན་བྱེད་ཀྱི་མེད་པར་བརྟེན། ཁོང་གི་ཁྲིམས་རྩོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་བོད་པ་ཚོང་པ་དེར་ཚེ་བཙོན་གྱི་ཁྲིམས་བཅད་པར་བསྐྱར་ཞིབ་བྱ་དགོས་པའི་ཞུ་གཏུག་ཐེངས་གཉིས་པ་བྱེད་བཞིན་འདུག

ཡང་རྡོ་རྗེ་བཀྲ་ཤིས་ཀྱི་ཕུ་བོ་སྟེ། ལོ་ངོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བའི་རྡོ་རྗེ་ཚེ་བརྟན་གྱིས་རང་གི་ནུ་བོར་དཀར་འདོན་འཐོབ་ཐུབ་པའི་འབད་བརྩོན་བྱེད་བཞིན་པའི་སྐབས་སུ་ཁོ་པ་ལྷ་སར་སྡོད་མི་ཆོག་ཅེས་རྒྱ་ནག་གི་རྒྱལ་སྲུང་ལས་དོན་ཁང་གིས་ཕྱིར་ཕུད་བཏང་འདུག

པེ་ཅིང་གི་ཁྲིམས་རྩོད་ཚོགས་པ་ཞིག་གིས་རྡོ་རྗེ་བཀྲ་ཤིས་ལ་ཁྲིམས་ཐག་བཅད་པའི་གྱོད་དོན་ལ་ཞིབ་ འཇུག་དང་བསམ་ཚུལ་གྱི་ཡིག་ཆ་ཞིག་སྤྱི་ལོ་༢༠༡༨་ལོར་ཕྱིར་བསྒྲགས་བྱས་པ་དེར་རྡོ་རྗེ་བཀྲ་ཤིས་ལ་རྒྱ་སྒོར་ཁྲི་༡༥༠་ཐམ་པའི་དངུལ་བུན་གཡོ་ལེན་ཟེར་བའི་ནག་ཉེས་བཙུགས་ཡོད་པ་དེར་ལྷ་སའི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་ཐོག་ཏུ་ཁུངས་སྐྱེལ་ར་སྤྲོད་མ་བྱས་པར་ཉེས་འཛུགས་བྱས་པ་ཞིག་ཡིན་པར་མ་ཟད། རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་ཁྲིམས་ཆད་ཕོག་པ་དེར་དམིགས་ཡུལ་གཞན་ཡོད་པའི་དོགས་སློང་བྱས་འདུག རྒྱ་ནག་གི་བཙོན་ཁང་དུ་ཚེ་བཙོན་ལ་བཅུག་ཡོད་པའི་ཚོང་པ་རྡོ་རྗེ་བཀྲ་ཤིས་སྐོར་གྱི་གནས་ཚུལ་གསར་པ་ཁག་ཅིག་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG