བོད་ནང་གི་་གནས་ཚུལ་འབྱུང་ཁུངས་ཤིག་གིས་བརྗོད་དོན་ལ་ ད་རིང་བོད་ཀྱི་ས་ཁུལ་ཨ་མདོ་འབོ་རའི་ནང་རང་ལོ་ ༢༧ ཡིན་པ་བོད་མི་ན་གཞོན་ལྷ་མོ་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སོང་འདུག་པ་དང་། བོད་ནང་གི་གནས་ཚུལ་བྱུང་ཁུངས་དེས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལ་ ད་རིང་རེས་གཟའ་སྤེན་པའི་བོད་ནང་གི་ཉིན་དགུང་ཚོུད་གཉིས་པ་ཡས་མས་ཤིག་ལ་ཨ་མདོ་འབོ་རའི་དགོན་པའི་ཉེ་འགྲམ་གྱི་ལམ་ཆེན་ཞིག་ཏུ་འབོ་ར་སྒོག་འགབ་མ་སྡེ་ནས་ཡིན་པ་ལྷ་མོ་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག་པ་དང་། རྒྱ་གར་ལྷོ་ཕྱོགས་སུ་བཞུགས་མཁན་འབོ་རའི་གནས་ཚུལ་སྐོར་མཁྱེན་རྟོགས་པ་སྐུ་ཞབས་བསོད་ནམས་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ་ ལྷ་མོ་སྐྱབས་ལག་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་རྗེས་ས་གནས་དེ་གར་འདས་གྲོངས་འགྱུར་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག ལྷ་མོ་སྐྱབས་ལགས་སྐྱ་བོ་ཡིན་པ་དང་། ཁོང་གི་ཕ་མིང་ལ་སྟོབས་ལྡན་དང་མའི་མིང་ལ་སྙིང་མོ་ཐར་དང་། ཁོང་ལ་ཤུལ་ལུས་ཆུང་མ་དང་བུ་ཕྲུག་གཉིས་ཡོད་པ་དང་། གནས་ཚུལ་བྱུང་ཁུངས་ཀྱིས་བརྗོད་དོན་ལ་ དགོན་པའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་སྐུ་ཕུང་འདས་པོའི་ཁྱིམ་ཚང་དུ་གདན་འདྲེན་ཞུས་འདུག་པ་མ་ཟད། གྲ་མང་གིས་སྨོན་ལམ་གསུངས་ཟིན་པ་དང་དེར་འདུས་འབོ་རའི་མི་མང་ཚོས་མ་ཎི་རྒྱང་ཐེན་གནང་བ་སོགས་གནང་འདུག ད་ལྟའི་འཆར་ས་གནས་སུ་བདེ་འཇགས་མི་སྣ་འཕོན་ཆེ་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ཆེན་པོ་ཡོད་པར་བརྟེན་སྐུ་ཕུང་འདས་མཇུག་སོགས་ཀྱི་སྐོར་ལ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་འདུག་སྐོར་རྣམ་རྒྱལ་ཤཱསྟྲིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།